R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༡༨
[A:༡༨]པོ་ཆེ་དང༌། དྲུང་ནས་དོན་གྲུབ་ཤེས་རབ་པ་དང༌། རྒྱལ་བ་དཀའ་ཐུབ་པ་དང༌། ཆོས་རྗེ་གློ་བོ་མཁན་ཆེན་བ་དང༌། མུས་ཆེན་སངས་རིན། གཏིང་ཁེབས་བྱ་བཏང་བ་ལས་ཆོས་ཀྱི་གསན་པ་རྒྱ་མཚོ་ལྟ་བུར་མཛད། ཞིབ་པར་བླ་མ་རྣམས་ཀྱི་གསན་ཡིག་ལྟར་ཡིན་ཞིང༌། ཕྱག་ལེན་ཤིན་ཏུ་ཕྲ་བ་ཡང་ཐུགས་ལ་གསལ་ཞིང་ཤིན་ཏུ་ཁུངས་བཙུན་ནོ། །བདག་མེད་ལྷ་མོ་བཅོ་ལྔ་ལྷག་པའི་ལྷར་ཡོངས་འཛིན་དྲུང་གིས་གནང༌། དེའི་རྡུལ་ཚོན་མདངས་ཇེ་ཆེར་འགྲོ་བ་བྱུང༌། ཀུན་མཁྱེན་གྱི་གདུང་བཞུ་དུས་མེ་ཏོག་འབབ་པ་རྗེ་འདིའི་སྣོད་དུ་བཅུག་པ་བྱུང༌། གཞི་བསྙེན་སོགས་དང་སྦྱིན་སྲེག་རབ་གནས་སོགས་ཐམས་ཅད་ཀྱི་ཕྱག་ལེན་དེ་ཉིད་མངོན་དུ་མཛད། གླང་ལོ་སྣྲོན་གྱི་ཟླ་བའི་ཚེས་གཅིག་གི་སྔ་དྲོ་ཨེ་ཝཾ་གྱི་གཙུག་ལག་ཁང་དུ་མཁན་པོ་རྗེ་ཡོངས་འཛིན། ལས་སློབ་བྱ་བཏང་ཀུན་དགའ་མཆོག་ལྡན་སོགས་ལ་བསྙེན་རྫོགས་མཛད། ཡོངས་འཛིན་བཞུགས་རིངས་བཀའ་གང་གནང་གི་ཆོས་གནང་བ་ལས་རང་ཆོང་བྱེད་མ་མྱོང་གསུངས། རྗེ་ཡོངས་འཛིན་གྱིས་མུས་ཆེན་སངས་རིན་ལ་གདན་ས་གནང་ནས། ཐར་རྩེ་ནས་ཁྱི་ལོ་ཧོར་ཟླ་དང་པོའི་ཚེས་བཅུ་གཅིག་གི་ཉི་རྩེ་ཤར་ཙམ་སྐུ་གཤེགས་དུས་རྗེ་འདི་ལ་ཁྱེད་རང་ཆོས་མཐུན་གྱིས། ཆོས་འབྲེལ་རྣམས་རྗེ་སངས་རིན་གློ་བོ་མཁན་ཆེན། བྱ་བཏང་བ་གསུམ་ལ་ཞུས་གསུངས་སོ། །ཡོངས་འཛིན་གྱིས་དགོངས་རྫོགས་གྲུབ་ནས། གློ་བོར་གདུང་འགྱེད། མཁན་ཆེན་རིན་པོ་ཆེ་ལ་ཆོས་གསན་པར་ཕེབས་འགྲོ་དོན་ཆེན་པོ་བྱུང༌། ཀུན་མཁྱེན་གྱི་བཀའ་འབུམ་སོགས་གནང་ནས་ཨེ་ཝཾ་དུ་ཕེབས་ནས་རྗེ་སངས་རྒྱས་རིན་ཆེན་གྱིས་ངོར་གྱི་གདན་སར་བཀོད་ནས་ཐོག་མར་ལྷ་དཀར་པོ་འབའ་ཞིག་གི་རྗེས་གནང་མཛད་པ་ནས་བཟུང༌། ཨེ་ཝཾ་པའི་བསྟན་པ་ལ་ཤིན་ཏུ་དར་རྒྱས་ཆེ་བ་བྱུང་བ་རྣམ་རྒྱལ་དབང་གིས་ཕུལ་ནས་དགའ་གདོང་གི་ཞལ་བདག་གནང་ཞིང་ཧྲིབ་ཙམ་ཕེབས་ནས་ཆོས་འཁོར་ཅུང་ཟད་བསྐོར། བླ་བྲང་གིས་ཕྱག་ལྡེ་རྣམས་ཀྱང་རྗེ་རང་གི་