[A:༡༩]ཕྱག་ནས་བརྒྱུད་པ་མ་གཏོགས་གང་བྱུང་བྱེད་ས་མེད། ལོག་འཚོར་ཡོ་བྱད་འབྲུ་གཅིག་ཀྱང་མི་གཏོང༌། ཐུགས་དམ་བཅད་རྒྱའི་ཐོག་མནལ་ལམ་ཁྱད་པར་ཅན་ལ་བརྟེན། ཟུར་ཆེན་བཞི་ལ་བསྙེན་རྒྱས་ལ་བརྟེན་པའི་དུ་རྒ་འབུམ་ཕྲག་དྲུག་རེ་བསྙེན་པ་ཁོ་བོས་བྱེད་དུ་བཅུག་སྟེ། ཁམས་མངའ་རིས་གྱི་གྲྭ་པ་འདས་གྲོངས་བྱུང་བ་ཉིས་བརྒྱ་ལྷག་ཙམ་གྱི་གདུང་ཐབ་བཞི་བརྩིགས་ཏེ། ཟུར་ཆེན་བཞིས་ཀུན་རིག་ཞི་བའི་སྦྱིན་སྲེག་མཛད་པས་འཇའ་དང་མེ་ཏོག་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང༌། སླར་ཡང་གློ་བོ་ནས་གདན་འདྲེན་བྱུང་བ་དང༌། མཁན་ཆེན་རིན་པོ་ཆེ་ལ་ཆོས་འཕྲོ་རྣམས་ཞུ་བར་ཕེབས། འགྲོ་དོན་རྒྱ་ཆེན་པོ་བྱུང་ཀྱང་ཨེ་ཝཾ་དུ་རྡོ་རྗེ་འཆང་གི་དམ་ཚིག་བྲིས་སྐུ་སོགས་རྟེན་དང་བྱིན་རླབས་རྙེད་ཁུངས་མེད་པ་མང་པོ་འཁྱར་བས་ཐུགས་སྐྱོ་བར་བྱུང་གསུང་ཞིང༌། གློ་བོ་ནས་དགེ་སློང་ཆོས་དཔལ་བསོད་ནམས་ཚབ་ཙམ་བཞེངས་པ་མཛད། ཐར་རྩེར་གསང་ཐབས་སུ་བདུད་རྩི་རིལ་བུ་བསྒྲུབ་དུས་ཚོགས་འཁོར་གྱི་ལྷག་གཏོར་ཝ་དམར་གཉིས་ཀྱིས་རྟག་པར་ལེན་པ་བྱུང་བ། རྒྱ་གར་དུ་མངའ་བདག་མེ་ཏྲི་བ་ཚོགས་འཁོར་མཛད་དུས་ཅེ་སྤྱང་གིས་ལེན་པ་དང་མཚུངས་སོ། །དེ་ལྟར་བདུད་རྩི་རིལ་བུ་གྲུབ་པའི་རྟགས་ངོ་མཚར་བ་ཆེན་པོ་བྱུང་བས། ཟིལ་གནོན་སྒྲུབ་པོས་ཐར་རྩེའི་སྟེང་ནས་མདུང་རྩེ་ལ་ཆོས་གོས་ཕྱར་ནས། ཆོས་རྗེ་སངས་རྒྱས་རིན་ཆེན་ལ་བུ་ཆེན་ཨེ་སྐྱེས་འདུག་ཟེར་ནས་སྐད་བཏང་ངོ༌། །ཡང་སེང་གེ་རྩེ་བས་སྙད་འདོགས་བྱས་དུས་ཆོས་སྐྱོང་གི་ཕྲིན་ལས་བསྒྲུབ་པ་དང༌། བྱད་ཁས་ལྟས་བྱུང་བར་འཇིགས་བྱེད་དྲུག་ཅུ་པ་རྡོ་རྗེ་འཆང་གིས་ཕྱག་བཞེས་ལྟར་བཙུགས་པ་དང༌། ཡང་མཁན་རིན་པོ་ཆེ་མཇལ་བར་གློ་བོར་ཕེབས་རྩིས་མཛད་རུང༌། མཁན་ཆེན་བདེ་བར་གཤེགས་པའི་བང་ཆེན་བྱུང་ནས་དགོངས་རྫོགས་རྒྱ་ཆེན་བསྒྲུབས། དེ་ནས་རེ་ཞིག་གསུང་ངག་ལམ་དབང་སྐབས་ཤིག་བླ་མ་བརྒྱུད་པའི་བྱིན་རླབས་ཀྱི་ཐད་ཙམ་དུ། བླ་བྲང་ནང་འཁོར་བ་འགའ་རེས་ཞུས་པ་ལ་དམ་སེལ་