[A:༡༧]ཨ་ཞང་གི་བཞུགས་གནས་ཉི་ལྡེ་བླ་བྲང་དུ་བཞུགས་ནས་གསན་སྦྱོང་མཛད། སྐབས་ཤིག་དབུ་རྩེ་རྙིང་མར་ཀུན་མཁྱེན་ལས་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཐོབ། སྒོ་རུམ་དུ་རྗེ་བཙུན་གྱི་སྐུ་འདྲའི་མདུན་དུ་ཀྱེ་རྡོར་མན་ངག་ལུགས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ། གསང་མཚན་ལ་བླ་བྲང་ཤར་དུ་བདག་ཆེན་བློ་གྲོས་རྒྱལ་མཚན་ལས་ཕུར་པའི་དབང་གསན་དུས་དཔལ་ཐུགས་རྡོ་རྗེ་ཟེར་བ་དེ་ཞུས་པས། ས་སྐྱ་པའི་ཡབ་ཆོས་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ལས་ཐོབ་པ་ངོ་མཚར་ཆེ་ཡང༌། འཁོན་དཀོན་མཆོག་རྒྱལ་པོ་མན་འདི་འདྲ་ཅིག་དགོས་པ་ཅིག་བྱུང་གསུངས་ནས། དཔལ་ཀྱེ་རྡོ་རྗེ་ཞེས་བཏགས། སྨིན་བྱེད་དབང་གི་མགོ་འདི་ནས་འཛིན་གསུངས། དེའི་ཕྱིར་ཉིན་བསེ་འབག་གི་དྲུང་དུ་ལྕམ་དྲལ་གྱི་རྗེས་གནང་ཐོབ། ངོ་མཚར་ཆེན་པོ་བྱུང༌། གཞན་ཡང་བཀའ་ཆོས་མང་པོ་ཐོབ། ཨེ་ཝཾ་དུ་སོང་ཞེས་པའི་བཀའ་མང་པོ་གནང༌། ཡང་རྗེ་ཡོངས་འཛིན་ས་སྐྱར་བྱོན་པ་ལ་གཤེད་དམར་གྱི་དབང་ཐོབ། རྗེ་འདི་ལ་ཆོས་གསན་པའི་ཐོག་མ་ཡིན། དེ་ཉིད་ནས་གཤེད་དམར་གྱི་ཐུགས་དམ་མ་ཆག་གོ །ཕྱི་ལོ་ཡོངས་འཛིན་ཆུ་འདུས་ནོར་བུ་གླིང་དུ་བྱོན་པ་དང་བསྟུན་ཨེ་ཝཾ་དུ་བྱོན། ལྡེ་དཔོན་བླ་བྲང་གི་སྐས་རྩ་ནས་རྙེད་པ་རྟེན་འབྲེལ་བཟང་བར་ཡོངས་འཛིན་གྱིས་ལུང་བསྟན། ཚེས་བརྒྱད་ལ་དབང་ཁང་དུ་བསྐང་གསོ་མཛད་དུས་དཔལ་མགོན་གདོང་བཞི་པ་ལ་ཁྱོད་ངོ་སྤྲོད་གསུངས་ནས་རྟེན་འབྲེལ་བསྒྲིགས། ཀུན་མཁྱེན་ངོར་དུ་བྱོན་ནས་མཁའ་འགྲོ་རྒྱ་མཚོ་སོགས་ཐོབ། དེའི་ཡིག་ཆ་རྣམས་བློ་འཛིན་མཛད། ཀུན་མཁྱེན་ལ་བཤར་གནོན་ཕུལ། ལམ་འབྲས་སོགས་ཆོས་མང་པོ་ཐོབ་མཚན་ཉིད་སློབ་པར་ཞུས། མི་འོང་གསུངས། ཟུར་འཆང་སངས་རྒྱས་དཔལ་གྲུབ་ལ་སྡོམ་འབྱུང་གི་དབང་རྡོ་རྗེ་འཆང་ལས་གསན་པ་ཡོད་པས་ཞུ་གསུངས་ནས་ཞུས་ཤིང༌། མགོན་པོའི་དབྱངས་སོགས་ཕྱག་ལེན་མང་པོ་སྦྱངས། མདོར་ན་ཟུར་ཆེན་པ་དང༌། ཡོངས་འཛིན་རིན་