R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༢༣
[A:༢༣]མཆོད་ཡོན་གྱི་ཕོ་ཉས་སྤྱན་དྲངས་ཆོས་འཁོར་བསྐོར། ཟླ་བ་དྲུག་བཞུགས། ཆུ་འདུས་སོགས་སུའང་སྤྱན་དྲངས་ནས་འགྲོ་དོན་རྒྱ་ཆེན་པོ་མཛད། མུས་སྟོང་དཔོན་སོགས་ཀྱིས་སྤྱན་དྲངས་ནས་དེ་ཕྱོགས་སུ་ཆོས་འཁོར་བསྐོར། ཐུབ་བསྟན་ཡངས་ཅན། ཐུབ་བསྟན་རྣམ་རྒྱལ་རྣམས་སུའང་ཆོས་འཁོར་བསྐོར། དགོན་པ་རྣམ་སྲས་སུ་ཕེབས་ཞོར་ལྷ་རྩེ་བྱང་པ་ཆོས་རྒྱལ་མཛད། ཆོས་ཀྱི་བགྲོ་བས་ཚིམ་པར་མཛད། ག་ཡ་དྷ་རའི་སྒྲུབ་ཕུག་ཟར་བྱང་ཕུག་རྣམས་སུ་གནས་མཇལ་དང་འགྲོ་དོན་མཛད། ཁྱད་པར་བྱང་ཕུག་ཇོ་བོའི་དྲུང་དུ་དགེ་འདུན་ལྔ་བརྒྱ་སྐོར་གྱིས་སྨོན་ལམ་ཉི་ཤུ་ཙམ་གནང་བ་ལན་མཛད། མུས་གསང་སྔགས་རྡོ་རྗེ་གླིང་གི་མཁན་པོ་མཛད། སྦྲུལ་ལོ་ཟླ་བ་དགུ་པའི་ཉི་ཤུ་གཅིག་ལ་རྗེ་དཀོན་མཆོག་ལྷུན་གྲུབ་སྐུ་གཤེགས་ནས་སྦྲུལ་ལོ་དེའི་སྨིན་དྲུག་ཟླ་བའི་ཡར་ཚེས་བཅུ་གསུམ་ལ་ཨེ་ཝཾ་གྱི་བཞུགས་ཁྲིར་རྗེ་འདི་མངའ་གསོལ། དཔལ་ལྡན་ས་སྐྱ་པ་ངག་དབང་ཀུན་དགའ་རིན་ཆེན་སོགས་ཀྱིས་བཀྲ་ཤིས་མེ་ཏོག་འཐོར་བ་མཛད། དེ་ལྟར་ཨེ་ཝཾ་དུ་ཆོས་འཁོར་བསྐོར་བཞིན་པ་ནས་འབྲས་ཡུལ་སྐྱེད་ཚལ་དུ་སྤྱན་དྲངས་ནས་འགྲོ་དོན་མཛད། གཞན་ཡང་རྒྱ་མཁར་རྩེ་པ་རྣམ་བཀྲ་ཤིས་རྫོང་ཁ་སོགས་སུའང་སྤྱན་དྲངས་ནས་བྱོན་ཞིང་འགྲོ་དོན་མཛད། ནཱ་ལེནྡྲར་སྤྱན་དྲངས་ནས། རོང་སྟོན་ཆེན་པོའི་བཞུགས་ཁྲིའི་སྟེང་ནས་གསུང་ངག་སོགས་ཆོས་འཁོར་བསྐོར། ལོ་དགོན་པར་སྤྱན་སྔ་ཆོས་ཀྱི་གྲགས་པ་སྤྱན་དྲངས་ནས་སྤྱན་སྔ་རིན་པོ་ཆེ་ལ་བཀའ་གདམས་ལྷ་བཞི་སོགས་ཀྱི་བཀའ་ཆོས་གསན། རྗེ་འདིས་ཀྱང་སྤྱན་སྔ་རིན་པོ་ཆེ་ལ་ཚེ་དཔག་ལྷ་དགུ་ཀྱེ་རྡོར་རྒྱུ་ལམ་སོགས་ཀྱི་དབང་ཕུལ་ལོ། །རོང་སྟོན་གྱི་དུས་མཆོད་ཐོག་སྐྱེ་བོ་ཁྲི་ཕྲག་འདུས་པར་ཐུགས་རྗེ་ཆེན་པོའི་སྒོམ་ལུང་གནང༌། མཁར་རྩེ་པ་ཚོ་ཡང་སྨིན་གྲོལ་ལ་བཀོད་དེ་དུས་ཨེ་ཝཾ་གྱི་དབྱར་ཆོས་ཤར་ཁང་བ་ཤེས་རབ་རྒྱལ་མཚན་གྱིས་རྡོ་རྗེ་ཕྲེང་བ་ཞེན་པ་བཞི་བྲལ་བློ་སྦྱོང་བཀའ་