[A:༢༢]ཕེབས་པ་ལ་དགེ་བསྙེན་གྱི་སྡོམ་པ་དང༌། ཚེ་དཔག་མེད་ཀྱི་དབང་ཐོབ། འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན། དགུང་ལོ་བཅུ་གསུམ་པར་ཨེ་ཝཾ་དུ་ཕེབས། མཁན་པོ་རྗེ་སངས་རྒྱས་རིན་ཆེན་དང༌། ལས་སློབ་རྗེ་ལྷ་མཆོག་སོགས་ལས་རབ་ཏུ་བྱུང༌། མཚན་སངས་རྒྱས་སེང་གེར་གསོལ། ཐུབ་བསྟན་རྣམ་རྒྱལ་དུ་བྱོན་ནས། རབ་འབྱམས་སྨྲ་བ་ཆོས་གྲགས་རྒྱ་མཚོ་དང༌། བློ་གྲོས་རབ་ཡངས་སོགས་ལས་མཚན་ཉིད་ཀྱི་གསན་སྦྱོང་མཐར་ཕྱིན་མཛད། དཔལ་ལྡན་ས་སྐྱར་ས་ལོ་འཇམ་དབྱངས་ཆེན་པོ་དབུ་ལ་བཞུགས་པའི་འདུས་པ་རྒྱ་མཚོའི་དབུས་སུ་རབ་འབྱམས་གྲྭ་སྐོར་རྣམ་གཞག་མཛད། ཡང་ཨེ་ཝཾ་དུ་ཕེབས་སྔར་གྱི་སློབ་དཔོན་གྱིས་མཁན་པོ་རྗེ་བློ་གྲོས་རབ་ཡངས་པས་སློབ་དཔོན། གཉན་ལོས་གསང་སྟོན། རྗེ་དཀོན་མཆོག་ལྷུན་གྲུབ་པས་དུས་བསྒོ་བ་མཛད་ནས་བསྙེན་རྫོགས་མཛད། ཉི་སྒྲོལ་ཞེས་པ་ཤིང་ཕོ་སྤྲེལ་ལོར། དམ་པའི་ཆོས་གསན་ཚུལ་ནི། རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པ་མུས་ཆེན་སངས་རྒྱས་རིན་ཆེན་དང༌། རྗེ་ལྷ་མཆོག་པ་གཉིས། གཞན་ཡང་ས་ལོ། ཐུབ་བསྟན་སློབ་དཔོན་གཉིས། གཉན་ལོ་བདག་ཆེན་ངག་གྲགས། བདག་ཆེན་ནམ་མཁའ་དོན་གྲུབ། རི་པ་ཀུན་དགའ་མཆོག་ལྡན། བཞི་སྡེ་ཆོས་རྗེ་འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་དཀོན་མཆོག་ལྷུན་གྲུབ། མཁས་པ་ལྷ་དབང་བློ་གྲོས། ཆོས་རྗེ་ཤཱཀྱ་འོད་ཟེར་སོགས་ལས་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་མཛད། བསམ་པ་ཇི་ལྟ་བ་བཞིན་མཁྱེན། སྒོམ་པ་ཡང་དོན་མངོན་དུ་གྱུར། དགུང་ལོ་ཉེར་ལྔ་ནས་ཆོས་འཆད་པའི་སྒོ་དབྱེ། གློ་བོར་མཁན་ཆེན་རིན་པོ་ཆེའི་གདུང་བཞུ་བར་ཕེབས་རུང༌། གློ་བོ་སྡེ་པ་ཐུགས་ཅུང་ཟད་མི་ཟིན་པ་དང༌། མི་ངན་འགའི་བྱེད་པས། གདུང་བཞུ་ཚར་འདུག །འོན་ཀྱང་ཡུལ་དེར་འགྲོ་དོན་རྒྱ་ཆེན་པོ་བྱུང༌། མཁན་ཆེན་པའི་ཞལ་ཆེམས་ཀྱི་རྟེན་གསུམ་སོགས་ངོར་དུ་སྤྱན་དྲངས་ནས་བྱོན། སྐྱེད་ཚལ་འོག་ཏུ་རྗེ་བློ་གྲོས་ཆོས་འཕགས་གཉུག་ལ་བ་དང་བཅས་