[A:༢༤]གདམས་གླེགས་བམ་སོགས་གནང༌། ཟླ་བ་བཅུ་གཉིས་པ་ལ་གཙང་ལ་ཆིབས་ཁ་བསྒྱུར། ལྷོ་ལམ་ནས་ཆུ་ཤུལ་ཕག་གདོང༌། གཉུག་ལ་སྐྱེད་ཚལ་གོང་འོག་གཞིས་ཁ་བྱམས་ཆེན་སོགས་སུ་འགྲོ་དོན་རྒྱ་ཆེན་པོ་བྱུང༌། ཟླ་བ་དང་པོར་ངོར་དུ་ཕེབས་ནས་གསུང་ངག་སོགས་གནང༌། ཡང་རྒྱལ་རྩེ་ཆོས་རྒྱལ་ཡུམ་སྲས་ཀྱིས་གཅེད་ལུང་རྫོང་དཀར་དུ་སྤྱན་དྲངས་འབྲིང་མཚམས་སུ་འགྲོ་དོན་ཆེན་པོ་བྱུང༌། ས་སྐྱ་པ་ངག་དབང་ཀུན་དགའ་རིན་ཆེན་སྐུ་མཆེད་རྣམས་ཨེ་ཝཾ་དུ་ཕེབས་ནས་ཀྱེ་རྡོར་རྡུལ་ཚོན་ལ་སོགས་དབང་རྗེས་གནང་མང་པོ་གསན་ནས་སོ་སོར་ཕེབས། གཞན་ཡང་སྣར་ཐང་དང༌། ཞ་ལུ་མཁན་ཆེན་མཁྱེན་བརྩེ་བས་རི་ཕུག་ཏུ་སྤྱན་དྲངས་ནས་ཆོས་འཁོར་བསྐོར། ཚོང་དུས་སུ་འགྲོ་དོན་རྒྱ་ཆེན་པོ་མཛད། ཆུ་སྒོ་གཞུང་དུས་འཁྲུགས་འདུམས་པར་ཕོ་བྲང་བསམ་འགྲུབ་རྩེར་ཕེབས་ནས་འགྲོ་དོན་རྒྱ་ཆེན་པོ་གྲུབ། ཐག་གདོང་དཀར། སྲད་ཀྱི་ཆོས་སྡེ་གོང་འོག་ཏུའང་འགྲོ་དོན་མཛད། མདོར་ན་ཡང་ན་སྐུ་མཚམས། ཡང་ན་ཕྱག་དཔེའི་གཟིགས་རྟོག་ཕྱོགས་ཕྱོགས་ལ་འགྲོ་དོན་ལ་སྤྱན་དྲངས་ནས་ཆོས་འཁོར་བསྐོར་བ། ཨེ་ཝཾ་ཉིད་དུ་དུས་ཆོས་ཀྱི་འཛིན་སྐྱོངས་སོགས་བརྗོད་ཀྱིས་མི་ལངས་པའི་རྣམ་པར་དཀར་བའི་མཛད་པ་རླབས་པོ་ཆེ་མཛད་དེ། གསུང་ངག་ཚར་བཅུ་བདུན་གྱི་ཐོག་དྲངས་འཆད་པ་དང༌། མཁས་པའི་ཡིད་འཕྲོག་པའི་རྩོམ་པ་དང༌། ཕ་རོལ་གྱི་ལོག་རྟོག་བཟློག་པའི་རྩོད་པའི་རིག་པ་དང༌། འཁོར་ལོ་གསུམ་བསྡུ་དངོས་བཞི་སོགས་རྒྱལ་བའི་སྲས་ཀྱི་རྣམ་ཐར་རྒྱ་མཚོ་ལྟ་བུ་མངའོ། །རྗེ་འདིའི་སློབ་ཚོགས་ཀྱང་ས་སྐྱ་པའི་གདུང་རྣམས་ཀྱི་གཙོ་མཛད། ཡ་གི་མངའ་རིས། མ་གི་མདོ་ཁམས། བར་དབུས་གཙང་གི་ཆེ་དགུ་དཔག་ཏུ་མེད་ཅིང་འགྲོ་མགོན་འཕགས་པའི་སྐུའི་རྣམ་འཕྲུལ་དུ་ངེས་པའི་གཏན་ཚིགས་གསུམ་ཡོད་པ་དང༌། ཆོས་སྐྱོང་རྣམ་འགྱུར་དངོས་སུ་སྟོན་ཏེ། ལན་ཅིག་ཚེས་བརྒྱད་བསྐང་གསོ་མ་བྱུང་འདུག་པར་མཚན་ཕྱེད་དབང་