R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༢༥
[A:༢༥]ཁང་ནས་རྐང་གླིང་བྱུང་ནས་མཆོད་སྒམ་ནས་རྒྱལ་མོ་ཀ་ར་རྡོག་པོ་ཞིག་བཏོན་ནས་བསྐང་གསོ་མཛད་དགོས་བྱུང་གསུངས་སོ། །ཐུགས་དམ་ཀྱང་གུར་མགོན་གྱི་ཤཱའ་ས་ན་ལ་གཙོ་བོར་མཛད། དེ་ནས་དགུན་ཆོས་ཅིག་གིས། སྣང་གསུམ་ནས་དབང་ཚར་གཉིས་ཙམ་སོང་སྐུ་གཟུགས་ཀྱིས་གཏན་མ་ལྕོགས་པ་ཐར་རྩེར་ཕེབས་ནས་སྐུ་མཚམས་མཛད། དགུང་ལོ་དྲུག་ཅུ་རེ་དྲུག་པ་ལ་ས་སྦྲུལ་ས་ག་ཟླ་བའི་ཉེར་བདུན་གྱི་སྲོད་གཟའ་ཕུར་བུ་སྐར་མ་དབྱུག་པ་བབས་པའི་ཚེ་སྐུ་གཤེགས་སོ། །དེ་ནས་པཎ་ཆེན་ནམ་མཁའ་དཔལ་བཟང་པས་སྐུ་གདུང་ཆས་འཇུག །གཞན་བདུད་རྩི་ལྟར་ཕུལ་ནས་བླ་བྲང་གཟིམས་ཆུང་དུ་སྤྱན་དྲངས། དགོངས་རྫོགས་རྣམས་རྒྱ་ཆེར་བསྒྲུབས་རྒྱལ་ཚབ་ཏུ་རྗེ་དཀོན་མཆོག་དཔལ་ལྡན་པ་བཀོད། ཧོར་ཟླ་དྲུག་པའི་ཚེས་བཅུའི་སྔ་དྲོ་རྗེ་ཐར་རྩེ་ནས་ཀྱིས་སྦྱིན་སྲེག་ཕུལ། གདུང་རུས་གདུང་ཐལ་སོགས་ཀྱང་གདུང་ཚ་དང་རྟེན་བཞེངས་ཕུལ་ཕྱིན་གྲུབ་བོ། །རྒྱས་པར་རྗེ་ཐར་རྩེ་ནས་ཀྱིས་མཛད་པའི་རྣམ་ཐར་དང༌། གཟིམས་དཔོན་མུས་པ་འཚོ་བྱེད་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྣམ་ཐར་གཉིས་སུ་བལྟའོ།། །།རྗེ་དཀོན་མཆོག་དཔལ་ལྡན་ནི། ས་སྐྱའི་གཉན་ཁང་སར་དུ་ཡབ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་གཅུང་པོ་ལྷ་མོ་དར་དང་ཡུམ་རྗེ་རྡོ་རྗེ་འཆང་གི་དབོན་རིགས་དཔལ་ལྡན་བུ་དགའི་སྲས་སུ་མི་ཟད་པ་ཞེས་པ། མེ་ཕོ་ཁྱི་ལ་འཁྲུངས། མཚན་ལ་ཚེ་བརྟན་དོན་གྲུབ་ཞུ། དགུང་ལོ་བཅུ་གསུམ་པ་ལ་ཨེ་ཝཾ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཁན་པོ་དང༌། ཆོས་རྗེ་དགེ་ལེགས་བཤེས་གཉེན་པས་ལས་སློབ་མཛད་ནས་རབ་ཏུ་བྱུང༌། བཅུ་དྲུག་པ་ལ་འབྲས་ཡུལ་སྐྱེད་ཚལ་དུ་ཀུན་མཁྱེན་ཤེས་རབ་འོད་ཟེར་ལས་མཚན་ཉིད་བསླབ་སྦྱོང་མཐར་ཕྱིན་མཛད། དགུང་ལོ་ཉེར་བཞིའི་བར་བཞུགས། དེ་ནས་ས་སྐྱར་རྣམ་གཞག་རྒྱ་ཆེན་མཛད། ཉེར་དགུ་ལ་མཁན་པོ་སྔར་གྱི་དེ་ཉིད་ལས་སློབ། འཇམ་དབྱངས་ཤེས་འོད་སོགས་ལས་བསྙེན་པར་རྫོགས་རྗེ་དཀོན་