[A:༣༡]ཙམ་འོང་བ་འདུག་པས། རི་ཁྲོད་དགའ་ལྡན་དུ་ཕྱིན་ནས་ཚེ་དང་སྒྲུབ་པ་མཉམ་པར་ཐུགས་ལ་དགོངས་ནས། བླ་བྲང་དུ་རྗེ་དཀོན་མཆོག་དཔལ་ལྡན་གྱི་དྲུང་དུུ་ཐར་རྩེའི་དཔེ་ཆ་རྟེན་མཆོད་སོགས་ཕུལ་བར། གདན་ས་པའི་གསུང་གིས་དེ་མི་འོང༌། སྐུ་ཆས་བླ་བྲང་ནས་འབུལ། ངེད་ལ་རོག་རམ་དགོས། གྲྭ་པ་ལ་ཡང་ཕན་ཆེ། འདི་རང་དུ་བཞུགས་དགོས་གསུངས་ནས། དགོངས་པ་མ་གནང༌། རྗེ་ཤར་ཁང་པས་ཀྱང་དེ་བཞིན་གསུང་ཞིང༌། ངོར་པ་ལ་ཁྱེད་དྲག །ཁྱེད་རང་ལ་ཡང་བཞུགས་ས་འདི་ལས་ལྷག་པ་མེད་གསུངས་ནས། བླ་མ་གཉིས་བཀའ་མ་ཆོགས་པས་བསྡད་པ་ཡིན་གསུངས། རྗེ་ཤར་ཁང་པ་གཤེགས་པའི་གདུང་ཞུགས་དགོངས་རྫོགས་རོག་རམ་སོགས་མཛད། གདན་ས་གོང་འོག །ཚོང་དུས་པ་རྣམ་རྒྱ་ཚོ་སོགས་སུ་སྐོར་ཙམ་རེ་ཕེབས་ནས་ཆོས་འཁོར་བསྐོར། དེ་མ་གཏོགས་དགོན་པ་འདིར་བཤད་སྒྲུབ་རྒྱུན་ཆགས་གནང༌། དེ་ནས་རྒྱལ་ཚབ་དཀོན་མཆོག་དཔལ་ལྡན་པས་གཙོ་བོར་བཀའ་སྩལ། དབུ་ཆེན་པོ་ཆོས་རྒྱལ་སོགས་དགེ་འདུན་ཐམས་ཅད་ཀྱིས་ཨེ་ཝཾ་གྱི་གདན་སར་གསོལ་བ་བཏབ་སྟེ་ས་མོ་ཡོས་ལོ་ཧོར་ཟླ་ལྔ་པའི་གཟའ་སྐར་བཟང་ཐོག་འཇམ་དབྱངས་ཤེར་རྒྱམ་དང་རྗེ་ལྷ་མཆོག་སེང་གེའི་དུས་ཆེན་ཐོག །རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཏུ་མངའ་གསོལ། རྟ་ལོའི་བར་ཁུར་བཞེས་གནང༌། དུས་ཐམས་ཅད་དུ། གསུང་ངག །རྡོ་ཕྲེང༌། སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། བདེ་ཀྱེ་གསང་གསུམ་སོགས་བཀའ་ཆོས་གནང་བ་ལ་ནི་ཚད་མེད། སྦྲུལ་ལོར་རྗེ་སངས་རྒྱས་སེང་གེའི་དུས་ཆེན་ལ་སྤང་དག་མཛད། ཆུ་རྟའི་ལོའི་སྟོན་གདན་ས་རྗེ་དཀོན་མཆོག་དཔལ་ལྡན་ཉིད་ལ་ཕུལ། ལོ་དེའི་ཟླ་བ་བཅུ་པའི་གཞུག་ནས་ཤིང་སྤྲེལ་ནག་ཟླའི་བར་སྐུ་མཚམས་མཛད། ཡང་དེ་བར་བྱུང་བའི་དངོས་པོ་གཏོང་བ་དང༌། དུས་འཁོར་གྱི་དབང་གནང་བར་སྐུ་མཚམས་གྲོལ། མེ་སྟག་ལ་རྗེ་དཀོན་མཆོག་དཔལ་ལྡན་སྐུ་བསྙེལ། རྗེ་འདིས་དབྱར་ཆོས་ཀྱེ་རྡོར་རྒྱུད་བཤད་