R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༣༢
[A:༣༢]གནང༌། མཁན་ཆེན་སྐུ་གཤེགས་ནས་གདུང་བཞུ་སོགས་དགོངས་རྫོགས་དང༌། སླར་གདན་སའི་ཁུར་བཞེས་གནང༌། རྗེ་འདི་གང་དུ་བཞུགས་ཀྱང་ལོངས་སྤྱོད་ཆར་བཞིན་འབབ། འཛིན་ཆགས་མི་མངའ། དད་ཅན་གྱི་འབུལ་བ་རྣམས་ཆུད་མི་ཟ་བར་ལག་ལེན་བྱེད་པ་གལ་ཆེ་གསུང་ཞིང༌། བསྔོ་རྟེན་ཆོས་ཡོན་དར་ཁ་གང་བྱུང་ཀྱང་དྲུང་ཆེན་རང་ལ་གནང་བ་མ་གཏོགས་ཏིལ་འབྲུ་ཙམ་ཡང་མི་འཛིན། སྔ་སོར་དུས་ཇ་ཆགས་པ་དང༌། ཇ་མར་ནས་ཀྱི་བུན་ཟུག་པ་རྣམས་བསབས། དེ་ལྟར་ལོ་བཞིར་བླ་བྲང་གི་ཁུར་བཞེས། རྟ་ལོར་འབུལ་སྡུད་པའི་བསྔོ་བ་མཛད་ནས། ཁོང་ཚོའི་འདོད་ཆོས་གནང༌། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས། སྤྲེལ་ལོ་ཧོར་ཟླ་བརྒྱད་པའི་ཡར་ཚེས་བར་སྐུ་མཚམས་བསྡམས། ལྷག་པར་ཤིང་ལུག་དབྱུག་ཟླའི་ཉེར་གསུམ་ནས་གནམ་སྟོང་བར་བདུད་རྩི་རིལ་བུའི་སྒྲུབ་པ་མཛད་འཕེལ་ཆེ་བ་དང༌། དྲི་བསུང་ཕྱོགས་མཐར་ཁྱབ་པ། རི་དྭགས་མང་པོ་འཁོར་བ་དང༌། ལྷག་གཏོར་གཏང་བ་ཅེ་སྤྱང་གིས་མི་ལ་མི་འཛེམ་པར་ལེན་པ་བྱུང༌། སྔ་སོར་སྒྲུབ་པ་ཅིག་ལའང་དེ་ལྟར་བྱུང༌། སྔ་ཕྱི་ཀུན་ལ་འཇའ་དང་མེ་ཏོག་གི་ཆར་ཀུན་ལ་གསལ། སྔ་སོར་སྐུ་མཚམས་མ་བསྡམས་གོང་གདན་ས་པ་བཀོད་ཨེ་ཐུབ་དགོངས་ཀྱང༌། དགེ་འདུན་རྣམས་དང་ཐུབ་བསྟན་རྣམ་རྒྱལ། སྐྱེད་ཚལ་སོགས་མི་སྣ་བཅས། ལོ་གཅིག་ཙམ་སྐུ་མཚམས་རིངས་ཆོས་འཆད་ཅིག་བསྐོས། དེ་ནས་སྐུ་ཚེ་ནམ་རིངས་པར་བསྒྲིལ་དགོས། ཐ་ནའང་ལོ་བཅུ་སྐོར་ཁུར་མ་བཞེས་པའི་ཐབས་མེད་ཟེར་དགོངས་ཐོག་ཏུ་མ་ཁེལ། དེ་ནས་སྐུ་མཚམས་ནང་དུ་བདག་པོ་ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས་ལ་གདན་ས་པའི་ཁུར་འབོགས་ཀྱི་ཞལ་བཀོད་གནང་དོན་འགྲུབ། སྐུ་མཚམས་གྲོལ་ནས་ཟང་ཟིང་གང་ཡོད་རྣམས་ལྟོས་བཅས་རྣམས་སྙིང་རྗེ། འདི་ཕྱིར་ཕན་རེ་ཡིན་གསུངས་ནས། ངམ་རིངས་གདན་ས་གོང་འོག་སོགས་གཙང་གི་ས་དགེ་ལྡན་གྱི་ཆོས་སྡེ་མང་པོར་མང་ཇ་འགྱེད་བཅས་གནང༌། བླ་མ་རྣམས་ཀྱི་སྐུ་བརྙན་དང༌། དཀྱིལ་ཐང་མཆོད་ཆ་སོགས་