R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༣༠
[A:༣༠]དཔག་ཏུ་མེད་པ་གསན་ཏེ་རྒྱས་པར་གསན་ཡིག་དཔག་བསམ་ལྗོན་ཤིང་དུ་ཤེས་པར་བྱའོ། །སྡོམ་པ་གསུམ་ལ་ཉེས་ལྟུང་གི་དྲི་མས་མ་གོས་པས། སྐུ་ཤིན་ཏུ་བཙུན་ཞིང༌། བདག་བས་གཞན་གཅེས་ཀྱི་ཐུགས་མངའ་བས། ལོག་སྒྲུབ་མཁན་ལ་དགའ་བ་བསྐྱེད་པར་མཛད་ནས། ཁང་ཚན་གྱི་དགེ་རྒན་ཞིག་ན་རེ། སྨན་གྲོང་པར་དགྲ་བྱས་པ་དང་གཉེན་བྱས་པ་ལ་ཁྱད་ཨེ་འདུག་ལྟོས་ཟེར་རོ། །ཐོས་བསམ་སྒོམ་གསུམ་ལ་སྐྱོ་ངལ་དང་དཀའ་ཚེགས་མི་གཟིགས་པར་ཉིན་མཚན་ཁོར་ཡུག་ཏུ་འདའ། ཉིན་མོ་གསོལ་བ་མཛད་དུས་ཀྱང་དལ་བར་མི་བཞུགས། མཚན་ལ་ཡང་འམ་བུ་ནམ་འཆི་མི་ཤེས་པས། གཉིད་དེ་ཙམ་ལོག་ལོང་མེད་གསུངས་ཤིང་ཐུགས་དམ་མཛད། གང་དུ་བཞུགས་པའི་ས་ཕྱོགས་གཙང་ཞིང་ཡིད་དུ་འོང༌། ཚུལ་ཁྲིམས་ཀྱི་དྲི་བསུང་ལྡན། སུས་ཀྱང་ཆོས་ཀྱི་སྐྱོན་གླིང་རྒྱུ་མེད། ཉིད་ཀྱི་གསུངས་ལས། ཁོ་བོ་ལས་དང་པོ་པའི་དང་པོ་པ་རང་དུ་སོང་བས། ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་དུ་འགྲུབ་པར་དཀའ་ཡང༌། ལས་འབྲས་ལ་ཡིད་ཆེས་པ་ཙམ་ཡོད་གསུངས། འཇིག་རྟེན་ཡང་དག་གི་ལྟ་བ་ནི་དེའོ། །ཡོན་ཏན་གྱི་ཆ་རྣམས་གཞན་ལ་གསང་བ་ཁོ་ན་མཛད། གཞན་ལ་ཏིང་ངེ་འཛིན་མ་སྐྱེས་པ་སྐྱེད་པ་དང༌། བོགས་འདོན་དང༌། ནད་གདོན་གྱིས་ཉེན་པ་རྣམས་ལ་བྱིན་རླབས་ལྗགས་ཆབ་ཙམ་རེས་ཕན་པ་མང་པོ་བྱུང༌། དགུང་ལོ་ཉེར་བཞི་ནས་སོ་ལྔའི་བར་རྗེ་སངས་རྒྱས་སེང་གེ་འབྲལ་མེད་དུ་བསྟེན། སྦྲུལ་ལོར་རྗེ་སངས་རྒྱས་སེང་གེ་དག་པའི་ཞིང་དུ་གཤེགས་ཁར་ཐར་རྩེ་པ་གནང་ནས། དགོངས་རྫོགས་ཀྱི་དཀའ་བ་དང་ལེན་དང༌། རང་ལ་ཡོད་པའི་དངོས་པོ་གང་ཡོད་ཀྱང་བཏང༌། དེ་ནས་བླ་མ་སྐད་བྱས་ཀྱང་ལུགས་གཉིས་ཆར་ནས་བསྟན་པར་ཕན་པ་དཀའ། སྙིགས་མའི་དུས་འཇིག་རྟེན་ཟང་ཟིང་ཐབ་སྐྱོང་མེད་ན། ཆོས་དང་མི་མཐུན་པའི་གྲྭ་མང་སྦྱིན་བདག་གི་བསམ་པ་རྫོགས་པ་དཀའ། དེ་བྱས་ནས་དད་རྫས་ལོག་འཚོ་དང༌། རྙེད་པས་རྙེད་པ་ཚོལ་བར་འགྲོ། དེ་བས་འཚོ་བ་ངན་འདྲངས་