R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༣༦
[A:༣༦]ལྕགས་ལ་གསེར་ཚགས་དངུལ་ཚགས་ཡོད་པའི་རྒྱའི་ཁ་ཊྭཱཾ་ག་གནང༌། ཁྱེད་གཉིས་ཀྱིས་བདེ་མཆོག་གི་བསྟན་པའི་རྒྱུན་ལ་ཕན་པར་གྱིས་གསུངས། རྗེ་ཐར་རྩེ་ནས་ཀྱི་དྲུང་དུ་བཀའ་ལུང་ཐམས་ཅད་བུམ་པ་གང་འབྱོའི་ཚུལ་དུ་གསན། ངོར་ལུགས་ཀྱི་སྒྲུབ་མཆོད་བསྐང་གསོ། བྲིས་ཐིག་དབྱངས་གསུམ། དཀྱིལ་འཁོར་བློས་བསླང༌། དམིགས་རིམ་གོ་དོན་ཐམས་ཅད་ཕྲ་ཞིང་ཕྲ་བ་ཡང་ཐུགས་སུ་ཆུད་པར་མཛད། སྒྲུབ་ཁང་དུ་ཞྭ་ལུ་དགེ་སློང་པ་ལས་ལམ་འབྲས་ཀྱི་ལུས་སྦྱོང༌། འཁྲུལ་འཁོར་སོགས་ཀྱང་གསན། རྗེ་དཀོན་མཆོག་དཔལ་ལྡན་པས་གསུང་ངག་གནང་དུས་རྗེ་འདིས་ཚོགས་སུ་འཁྲུལ་འཁོར་སྟོན་པ་སོགས་མཛད། བརྡ་སྤྲོད་པ་བློ་གྲོས་བཀྲ་ཤིས་ཀྱི་དྲུང་དུ་སྒྲ་དང་སྙན་ངག་སོགས་སྦྱོང་བ་མཛད། དགུང་ལོ་བཅུ་དགུ་པ་ན་དགོན་པ་རྣམ་སྲས་ཀྱི་ཞལ་བདག་མཛད་ནས། སྐབས་རེ་བཞུགས་ནས་བསྙེན་སྒྲུབ་དང༌། ལྗོན་ཤིང་ཆེན་མོ་ཐུགས་སྦྱོང་མཛད། སྲང་དགོན་གསར་གྱི་ཞལ་བདག་ཀྱང་མཛད། རྗེ་དཀོན་མཆོག་དཔལ་ལྡན་པའི་ཞབས་ཕྱིར་འབྲས་ཡུལ་སྐྱེད་ཚལ་དུ་ཡང་བྱོན། དགུང་ལོ་ཉེར་གཉིས་པ་ཡོས་ལོའི་དབྱར་བྱང་པ་བདག་པོ་བཀྲ་ཤིས་སྟོབས་རྒྱལ་བའི་དགུ་འདོན་ལ་འཇམ་དབྱངས་སངས་རིན་དབོན་པོ་ཨེ་ཝཾ་དུ་བྱོན། སངས་རིན་དབོན་པོ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་མཁན་པོ། ལས་སློབ་རྗེ་དཀོན་མཆོག་དཔལ་ལྡན། གསང་སྟོན་བྲང་ཏི་ནམ་མཁའ་དཔལ་བཟང༌། གྲིབ་ཚོད་པ་དབུ་མཛད་མགོན་པོ་བཀྲ་ཤིས་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་མཛད་དོ། །མཚན་བྱམས་པ་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། ལྕགས་འབྲུག་རྗེ་དཀོན་མཆོག་དཔལ་ལྡན་རྩེ་གདོང་དུ་ཕེབས་པའི་ཆག་ཕྱིར་བྱོན། སྦྲུལ་ལོར་རྗེ་དེ་ཉིད་ཀྱི་དམ་རྫས་རིལ་བུ་སྒྲུབ་པའི་ཆག་ཕྱི་མཛད། ཆུ་ལུག་ཧོར་ཟླ་དགུ་པའི་ནང་དུ་ཡབ་སྲས་གཉིས་ཆར་ཨེ་ཝཾ་དུ་ཕེབས། གཞན་ཡང་སྔགས་