[A:༣༧]འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན། སངས་རིན་དབོན་པོ། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཁྲི་ཆེན་བསོད་ནམས་དབང་པོ་སོགས་ལས་དམ་པའི་ཆོས་གསན་ཚུལ་བསམ་གྱིས་མི་ཁྱབ་མོད་ཀྱང༌། རྒྱས་པར་གསན་ཡིག་ལས་ཤེས་པར་བྱའོ། །དགུང་ལོ་ཉེར་དགུ་པ་ཤིང་ཕོ་སྤྲེའུ་ལོ་རྗེ་དཀོན་མཆོག་དཔལ་ལྡན་པའི་བཀའ་བཀོད་ལ་ཁམས་ཕྱོགས་སུ་དུས་ཇའི་དགེ་བསྐུལ་ལ་འབྱོན་དགོས་ཞེས་ཕེབས། བརྟག་པ་ཞུས་ནས་ཆུད་ན་དང་ལེན་ཞུ། མ་ཆུད་ན་དགོངས་ཁྲེལ་མི་གནང་དགོས་པའི་ཞུ་བ་ཕུལ། དེ་རྗེས་བརྟག་པ་ཆུད་ནས་ཁམས་ལ་འབྱོན་ཁར། ཁྱེད་རང་བསྙེན་རྫོགས་ཀྱི་མཁན་པོ་ལ་སྡོམ་པ་གསུམ་གྱི་བཀའ་དྲིན་ཐོབ་དགོས་པས། སྟག་མོ་གླིང་ཁར་བྱོན་ལ། འཇམ་དབྱངས་དཔོན་ཆེན་པའི་དྲུང་དུ་སེམས་བསྐྱེད་སོགས་འདོད་ཆོས་འདྲ་ཞུས། ངེད་ཀྱང་མཇལ་འདོད་པ་ཙམ་འདུག་པས་ཐུགས་འབྲེལ་དང་བསྟུན་ནས་ཐུབ་བསྟན་ཡངས་པ་ཅན་དུ་ཕེབས་དགོས་པའི་སྙན་ཞུས་ཀྱང་ཕུལ་གསུངས་པ་བཞིན་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་བྱོན་ཏེ། གླིང་ཁའི་དགེ་འདུན་རྣམས་ཀྱི་སེར་ཕྲེང་གིས་བསུས། མུས་ཆེན་གྱི་ཕྱག་ལེན་སོགས་བཀུར་སྟི་རྒྱ་ཆེན་པོ་མཛད། དབུ་མ་ལུགས་ཀྱི་སེམས་བསྐྱེད་སོགས་ཇི་ལྟར་བཞེད་པའི་ཆོས་རྣམས་གསན། ཧོར་ཟླ་བཞི་པའི་ཚེས་བཅུ་ལ་ཨེ་ཝཾ་དུ་ཕེབས། སྒྲུབ་མཆོད་གྲོལ་ནས་ཁམས་ལ་འབྱོན་ཁར་རྗེ་དཀོན་མཆོག་དཔལ་ལྡན་གྱིས་གསང་བའི་མགོན་ཁང་དུ་ཁྲིད་དེ་བཀའ་བསྒོ་དང་སྙན་དར་གྱིས་ཕྱག་མདུད་ཅིག་གནང༌། གཏོར་བསྔོས་དང་ཕྲིན་ལས་བཅོལ། བཞུགས་གདན་སྤོར་བ་སོགས་མཛད་དེ་རྟེན་འབྲེལ་བསྒྲིགས། ཁམས་སུ་ལམ་འབྲས་མ་བཤད། ལོ་ལྔ་ནས་སླེབ་པར་གྱིས། དེ་བར་གཞི་བྱེས་གང་དུའང་བར་ཆད་མི་འོང༌། དེ་ལས་འགྱང་ན་རང་གཞན་ཐམས་ཅད་འགྱང་ཆས་སུ་འགྲོ་ཉེན་ཡོད་ཅེས་སོགས་ཀྱི་བསླབ་དོན་མཐིལ་བྱོན་