[A:༣༩]འགྱེད་ཆས་བསྒྲུབ། སྒོམ་སྡེ་ནང་ཆེན་དང་གཞུང་མགྲོན་མ་འཆམས་པའི་འདུམས་མཛད། དེ་ལྟར་སྤྲེལ་ལོ་ནས་ཡོས་ལོའི་བར་ལོ་བརྒྱད་སོང༌། གསུང་ངག་མ་གཏོགས་པའི་རང་རང་གང་འདོད་ཀྱི་ཆོས་ཆར་ཕབ། རྗེ་འདི་ཁམས་དང་དབུས་གཙང་སོགས་གང་དུ་བྱོན་སར་ནད་ཡམས་དང་འཁྲུགས་རྩོད་སོགས་ཞི་ཞིང༌། ལོ་ཕྱུགས་ལེགས་པ་དང༌། ཆོས་འཆད་ཐུགས་དམ་སོགས་སྐད་ཅིག་ཀྱང་གཡེལ་བ་མེད་དོ། །ཡོས་ལོ་ཧོར་ཟླ་བཅུ་གཉིས་པའི་ནང་དུ་ཨེ་ཝཾ་དུ་ཕེབས། གཟིམས་ཁང་བདེ་ཡངས་སུ་མཛད། པཎ་ཆེན་ནམ་མཁའ་དཔལ་བཟང་ཁྲི་ཐོག་ཏུ་བཞུགས་པ་ལ་བཀྲ་ཤིས་ཁ་དར་ལྔ་བཅུ། སྐུ་གསུང་ཐུགས་རྟེན་དུ་མ། མཆོད་ཆ་ཁྱད་འཕགས་དུ་མ། གོས་བེར། བླ་བྲེ། སྣམ་སྦྱར། གོས་ཡུག །དར་ཡུག་ཇ་བཟང་འབྲིང་སོགས་པའི་དངོས་པོ་སྟོབས་ཆེར་ཕུལ། ཚོགས་པ་སྤྱི་མང་ལ་མང་ཇ་གོས་དར། སྤཽས་ལ་སོགས་པའི་འགྱེད་མང་པོ། ལྷ་ཁང་རྣམས་སུ་འཕན་བླ་བྲེ། སྙན་དར་དཀར་མེའི་གཞི་རྟེན། འདུ་ཁང་དུ་འཕན་བླ་བྲེ་དུ་མ། སྒྲུབ་མཆོད་ཆེན་མོའི་སྟེང་དུ་འགྲེམ་རྒྱུའི་གོས་འཕན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཕུལ། དུས་ཇའི་རྟེན་བླ་བྲང་ལ་ཇ་སིགས་བཞི་བརྒྱ་བཞི་བཅུ་སོགས་ཕུལ། རྗེ་དཀོན་མཆོག་དཔལ་ལྡན་པའི་ཚེས་གཉིས་དུས་ཇ་བཟུང་ཧོར་ཟླ་བརྒྱད་པའི་གཤེད་དམར་སྒྲུབ་མཆོད། ཟླ་བ་བྱུང་ངོ་ཅོག་གི་བླ་མཆོད། གསེར་སྐུར་བཞུགས་པའི་ནང་རྟེན་དངུལ་གདུང་ལ་དངུལ་ཨེ་ཝཾ་གྱི་ལྕགས་སྲང་ཁལ་ལྔ་ཉག་བཞི། གསེར་ཞོ་བརྒྱད་ཅུ་གྱ་ལྔ། ཟངས་ཁལ་ཉི་ཤུ་སོགས་དཔག་མེད་སོང༌། ལམ་འབྲས་བརྒྱུད་པའི་གསེར་རིས་བཅུ་བདུན། ཤིང་ལུག་ལ་ལམ་འབྲས་ཟུར་ཆོས་གནང༌། དབྱར་ཐར་རྩེ་ན་སྐུ་མཚམས་ནང་དུ་སྤྱན་དྲངས་ཏེ་གདན་སའི་ཞལ་བཀོད་གནང༌། དེ་བསྟུན་ས་ངོར་ཐམས་ཅད་ཀྱིས་གསོལ་བ་བཏབ་སྟེ་དགུང་ལོ་སོ་བརྒྱད་པ། ཆུ་སྟོད་ཟླ་བའི་ཉེར་ལྔར་རྡོ་རྗེ་འཆང་གི་གདན་ས་མཛད།