[A:༤༠] དེ་ནས་བཟུང་སྟེ་དགུང་ལོ་ང་བརྒྱད་པ་ཡོས་ལོ་ནག་པའི་ཚེས་བརྒྱད་ལ་གཤེགས་ཀྱི་བར་ངོ་མཚར་མཁས་པའི་བགྱི་བ་གསུམ་དང༌། འཁོར་ལོ་གསུམ་གྱིས་བསྟན་པ་གསལ་བར་མཛད། བསྟན་འཛིན་སློབ་མ་སྦྱིན་བདག་སོགས་བསམ་གྱིས་མི་ཁྱབ་བོ། །གཤེགས་ལོའི་ཧོར་ཟླ་གཉིས་པར་རྩེ་གདོང་ཞབས་དྲུང་ཀུན་དགའ་བསོད་ནམས་ལྷུན་གྲུབ་སྤྱན་དྲངས་ཏེ། ཐུགས་དམ་ཁ་གསོ་དང་ངོར་པ་ལ་ལམ་འབྲས་གནང་བ་དང་མཁན་པོར་བཀོད་པའི་ཞལ་བཀོད་མཛད་དེ་གཤེགས། དབོན་ཆེན་ཤེས་རབ་འབྱུང་གནས་ཀྱིས་དགོངས་རྫོགས་ལེགས་པར་བསྒྲུབ་པར་མཛད་དོ། །རྒྱས་པར་མཁས་པའི་དབང་པོ་ངག་དབང་བརྟན་པའི་རྡོ་རྗེས་མཛད་པར་བལྟའོ།། །།རྩེ་གདོང་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ནི། རིགས་ཁྱད་པར་ཅན་ས་སྐྱ་འཁོན་གྱི་གདུང་བརྒྱུད་པ་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པར་གྲགས་པ་ཀུན་དགའ་བདེ་ལེགས་དང༌། ཡུམ་དཔལ་བུ་ཁྲིད་ཀྱི་སྲས་སུ། སྐྱེས་བདག་གི་ལོ་རྒྱལ་གྱི་ཟླ་བའི་ཚེས་བརྒྱད། རེས་གཟའ་ལྷག་པ་སྐར་མ་དབྱུག་པར་བྱོན། སྲས་གསུམ་གྱི་ཆེ་བ་ཡིན། རྩེ་གདོང་གཟིམས་ཁང༌། ས་ལོ་ཆེན་པོ་འཁྲུངས་པའི་གཟིམས་ཆུང་ཕུན་ཚོགས་གླིང་གི་ཤར་ཟིལ་གནོན་དུ་འཁྲུངས། སྐུ་ན་ཕྲ་མོའི་དུས་ཡུམ་ལ་ངའི་གནས་པོ་ཏ་ལ་ཡིན་གསུངས། མཚན་རྡོ་རྗེ་རྒྱ་སོག་ཏུ་གསོལ། མཐའ་མིའི་མིང་སྨོས་ནས་དགེ་ཟེར་རོ། །དགུང་ལོ་དགུ་པ་ལ་ངོར་དུ་ཡབ་དང་ལྷན་ཅིག་ཨེ་ཝཾ་དུ་བྱོན། རྗེ་འདི་གཟིམས་ཕྲུག་ཏུ་མཁན་པོ། །རྗེ་དཀོན་མཆོག་དཔལ་ལྡན་དང༌། སློབ་དཔོན་བྲང་ཏི་པ། གྲིབ་ཚོད་མུས་ཆེན་ནམ་མཁའ་དཔལ་བཟང་སོགས་ལས་རབ་ཏུ་བྱུང༌། མཚན་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། རྗེ་རྡོ་རྗེ་འཆང་གི་ཁྲི་ཐོག་ནས་ཚོགས་ཆེན་ལ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གནང༌། ཤིང་རྟའི་ལོ་ནཱ་ལེནྡྲའི་མཁན་པོ་ལུམ་པ་བྱམས་པ་ཀུན་དགའ་