R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༣༨
[A:༣༨]གནང༌། སྤྲེལ་ལོའི་ཧོར་ཟླ་དྲུག་པའི་ཚེས་བཅུ་ནས་ཨེ་ཝཾ་ནས་ཆིབས་ཁ་བསྒྱུར། ཤར་ལམ་ལྷ་སར་མར་མེ་སྙན་དར་སོགས་ཀྱིས་མཆོད་པ་དང༌། ཕྱག་བསྐོར་སྨོན་ལམ་རྒྱ་ཆེར་མཛད། དེ་ནས་རིམ་གྱིས་མདོ་ཁམས་ལྷོ་སྟོད་དུ་ཕེབས། ཆོས་རྗེ་རི་བོ་དགའ་ལྡན་པའི་གྲུབ་མཐའ་འཛིན་པའི་བླ་མ་དགེ་འདུན་སྦྱིན་བདག་རྣམས་ཀྱིས་གསང་འདུས་དང༌། དམག་ཟོར་སོགས་ཞུས་ཏེ། དངུལ་སྟོབས་ཆེའི་འབུལ་བ་དཔག་མེད་བྱུང༌། སྐྱོ་མདའ་བསམ་འགྲུབ་ཀྱི་ཆོག་སྡེར་དཔལ་ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བློ་གྲོས་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་བཞུགས་པ་དང་མཇལ། བདག་རྐྱེན་དང་གནང་སྦྱིན་དཔག་མེད་མཛད། བདག་ཆེན་དེའི་དྲུང་དུ་གུར་དྲག །ཚེ་དཔག་མེད་ལྷ་དགུ །འཇམ་དབྱངས་དམར་སེར་སོགས་གསན། བདག་ཆེན་འདི་ནི་བྱང་སེམས་འབྱོངས་ཤིང་གུར་དྲག་བསྙེན་པ་དུང་ཕྱུར་མཛད་པས་ཞལ་གཟིགས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་ཁམས་ཕྱོགས་སུ་ས་སྐྱ་པའི་བསྟན་པ་ལ་སྐུ་དྲིན་ཤིན་ཏུ་ཆེ། ལྷ་ཁང་གདུང་བརྒྱུད་ཀྱི་རྗེས་མ་ཡིན་ནོ། །དེ་ནས་ཁམས་སྟོད་སྨད་སོགས་མདོ་ཁམས་གྱི་ས་ཆ་ཐམས་ཅད་དུ་བྱོན་ཏེ། རྒྱ་བོད་ཀྱི་འཁྲུགས་གཟིངས་འདུམས་མཛད། བསྙེན་བཀུར་འབུལ་ནོད་བློས་མི་འཁྱུད་པ་བྱུང༌། འབུལ་སྐྱེལ་ཀྱང་ལེན་འགའ་ཞིག་མཛད། ལྕགས་སྟག་ལ་རྗེ་དཀོན་མཆོག་དཔལ་ལྡན་པའི་ཕྱག་རྟགས་གནང་བྱུང་བ་ལས། ཁྱེད་དཔོན་སློབ་གདུལ་བྱ་དང་འཁོར་མངས་ཀྱི་བློ་ཁྲིད་ནས་ད་བར་འགྱང་པ་ཞིག་བྱུང༌། ངེད་རང་གི་བསམ་པ་ལ་ངེད་ཀྱི་ཕུང་པོ་འདི་ལ་ཆས་ཞུགས་དང༌། སྦྱིན་སྲེག་ཞིག་ཁྱེད་ཀྱིས་བྱེད་པའི་རེ་བ་ཡོད་ཀྱང༌། རེ་བ་སྟོན་ཀའི་སྤྲིན་བཞིན་དེངས་སོང་གསུངས་བྱུང་ནས་དབུས་གཙང་དུ་འབྱོན་གྲབས་བྱས་པ་ནས་རྗེ་དཀོན་མཆོག་དཔལ་ལྡན་ས་སྟག་ལོ་ཧོར་ཟླ་བརྒྱད་པའི་ཚེས་གཉིས་ལ་གཤེགས་པའི་སྐད་ཆ་སླེབ། ཡར་ལམ་དགེ་འདུན་གྱི་སྡེ་ཐམས་ཅད་ལ་མང་ཇ་