[A:༤༦]ཐུགས་སུ་ཆུད་པར་མཛད། དེ་ནས་ཐུབ་བསྟན་གསེར་མདོག་ཅན་དུ་བྱོན་ནས། བསྡུས་པ་བརྩི་བ་ནས་བརྩམས་ཏེ་བྱམས་ཆོས་སོགས་ལ་སྦྱོངས། བྱ་རྒོད་ཕུང་པོའི་ཆོས་ར་སོགས་སུ་རིགས་པར་སྨྲ་བ་རྣམས་ལས་མཆོག་ཏུ་གླེང་ཡང༌། གནམ་སྐྱོན་ལྟ་བུའི་བསྙུང་གཞི་ཅིག་བྱུང་ནས་དཔལ་འབྱོར་གླིང་དུ་བྱོན། སྐབས་རྗེ་ངག་དབང་ཆོས་གྲགས་དང་མཇལ། ཚེ་དབང་ལྕགས་སྡོང་མ་ཐོབ། སྔགས་ཕྱོགས་ལ་སློབ་གཉེར་གྱིས་ཕན་སླེབ་ཆེ་བར་འོང་གསུངས། སྔར་གྱི་བསྙུང་གཞི་དེ་ལོངས་ནས་མོ་རྩིས་བྱས་པས། གནམ་སྐྱོན་མིན། ཆོས་སྐྱོང་རྗེས་སུ་འབྲང་བ་ཡིན་ངོར་དུ་བསྐང་བཤགས་སོགས་བྱས་ན་ཕན་ཟེར། དེའི་གནས་ཚུལ་ཟུར་ཆེན་ལ་ཞུས་པས། སྔར་གྱི་བསླབ་སྦྱངས་འཕྲོ་བསྐྱངས་དགོས་གསུངས་ནས། ངོར་དུ་ཕེབས་པའི་དགོངས་པ་མ་གནང་པར། སྔར་གྱི་སློབ་གཉེར་གྱི་འཕྲོ་མཐར་ཕྱིན་མཛད། ཡང་སྙུན་ཐུ་རུ་སོང་མོ་རྩིས་པས་སྔར་ལྟར་ཡིན་པས་ངོར་དུ་ཕྱིན་ན་སྐྱོན་མེད་ཟེར་ནས། ཡབ་ཡུམ་གྱིས་ཡོ་བྱད་མང་པོ་དང་བཅས་ངོར་དུ་བྱོན་ཟུར་ཆེན་སློབ་དཔོན་རྡོར་དཔལ་པ་ལ་གཏད་དེ་ཨེ་ཝཾ་པའི་ཆོས་ལུགས་རྣམས་བསླབ་སྦྱངས་མཐར་ཕྱིན་པར་མཛད་ལ། དེའི་ཚེ་མཁས་གྲུབ་དཔལ་ལྡན་དོན་གྲུབ་སྐུ་མཚམས་དམ་པར་མཛད་ཀྱང༌། རྗེ་འདི་ལ་མཇལ་ཁ་བྱུང་ནས། བསྙུང་གཞི་ལ་ཕན་པ་དང༌། ཤེས་རབ་ཆེ་བའི་ཐབས་དགོས་ཞུས། ཕྱག་ཟན་ལྗགས་སྔགས་གནང་བ་ཞིག་དང༌། འཇིགས་བྱེད་བླ་མ་བརྒྱུད་པའི་བཀའ་བསྒོ་ཞིག །འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་གནང༌། ནད་གཞིས་སྐྱོན་མི་འོང༌། ཤེས་རབ་འཕེལ་བ་ལ་ཐེ་ཚོམ་མེད། བསྟན་པ་ལ་ཕན་པ་ཞིག་འོང་སྲིད་གསུངས་སོ། །དགུང་ལོ་བཅུ་གསུམ་པ་ལ་རྗེ་ནམ་མཁའ་སངས་རྒྱས་ལ་དགེ་ཚུལ་ནོས། ཉེར་ལྔ་པ་ལྕགས་སྦྲུལ་ལ་རྗེ་ནམ་མཁའ་སངས་རྒྱས་བས་མཁན་པོ། ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས་ལས་སློབ། ཞབས་དྲུང་རྒྱལ་རྩེ་བ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་གསང་སྟོན།