R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༤༥
[A:༤༥]བཙུན་ཞིང་ཚུལ་ཁྲིམས་ཀྱི་དྲི་བསུང་མངའ། དངོས་པོ་ལ་ཆགས་འཛིན་མི་མངའ། མངོན་པར་ཤེས་པ་དང་ལྡན། ཨེ་ཝཾ་བཞུགས་ཁྲིར་སྦྲུལ་ལོར་འཁོད། དགུང་ལོ་ཞེ་དྲུག་པ་བྱ་ལོ་ཧོར་ཟླ་དྲུག་པའི་ཉེར་གསུམ་ལ་ལྷོ་བོད་མཚམས་སུ་སྐུ་གཤེགས། སྐུ་གདུང་ཨེ་ཝཾ་དུ་སྤྱན་དྲངས། རྗེ་ནམ་མཁའ་དཔལ་བཟང་པས་དགོངས་རྫོགས་ལེགས་པར་བསྒྲུབས་སོ།། །།བདག་པོ་རྒྱལ་རྩེ་བ་བྱང་པ་ངག་དབང་བསོད་ནམས་རྒྱལ་མཚན་ནི། ཤར་ཁ་བདག་པོའི་རིགས། ཡབ་བདག་པོ་མཐུ་སྟོབས་པ་དང༌། ཡུམ་གཡས་རུ་བྱང་པའི་ལྕམ་ཡིད་འཛིན་དབང་མོའི་སྲས་སུ་ཁྱི་ལོ་ཧོར་ཟླ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ་བྱོན། ཆུང་ངུ་ནས་ཆོས་ཀྱི་བག་ཆགས་བརྟན། འཇམ་དབྱངས་བསོད་ནམས་དབང་པོར་རབ་ཏུ་བྱུང༌། ས་སྐྱའི་ལྷ་ཁང་ཆེན་མོར་མཚན་ཉིད་སྦྱངས། གདན་ས་གོང་འོག་ངོར་དང་མཁན་ངག་དབང་ཆོས་གྲགས་སོགས་ལས་གསན་རྒྱ་ཆེ་བར་མཛད། ཐུགས་དམ་སྨིན། ལུག་ལོར་ངོར་དུ་ལམ་འབྲས་གནང༌། བྱ་ལོར་ངོར་གྱི་ཆོས་ཁྲིར་ཡང་ཕེབས་ཡུན་རིངས་མ་བཞུགས། དགུང་ལོ་དོན་བདུན་པ་སྟག་ལོའི་ནག་པ་ཟླ་བའི་ཚེས་བཅུ་གསུམ་ལ་མང་མཁར་ཐུབ་བསྟན་དགེ་འཕེལ་དུ་སྐུ་གཤེགས། རྗེ་འདིའི་རྣམ་ཐར་རྗེ་རང་གི་གསུང་ལ་ཁོ་བོས་ཁ་སྐོང་བྱས་པར་བལྟའོ།། །།དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་ཉེར་གཅིག་པ་དཔལ་གླིང་ཆོས་རྗེ་བསོད་ནམས་རྒྱ་མཚོ་ནི། སྣར་ཐང་གི་དཔལ་འབྱོར་གླིང་དུ་ཡབ་ཆོས་རྒྱལ་འཕགས་པའི་ཞབས་ཏོག་རྒྱ་ནག་གི་གྱད་ཅིག་གི་རིགས་ཡིན་པར་བྱེད་པ་རྒྱལ་པོ་བཀྲ་ཤིས་དང༌། ཡུམ་དཔལ་མོ་སྒྲོལ་མ་ཞེས་པའི་སྲས་སུ་མེ་སྦྲུལ་ལ་བྱོན་ནོ། །མཚན་ཚེ་རིང་རྡོ་རྗེར་གསོལ། དགུང་ལོ་བརྒྱད་པ་ཤིང་ཕོ་བྱ་ལོར་སྣར་ཐང་ཟུར་ཁང་གི་སློབ་དཔོན་བསོད་ནམས་རྡོ་རྗེའི་དྲུང་དུ་རབ་ཏུ་བྱུང༌། མཚན་བསོད་ནམས་རྒྱ་མཚོར་གསོལ། ཐོག་མ་འབྲི་ཀློག་ནས་བྱ་བ་ཆོས་སྤྱོད་ཀྱི་སྐོར་རྣམས་