[A:༤༧] ཆོས་རྗེ་དམ་ཆོས་བཀྲ་ཤིས་པས་གྲིབ་ཚོད། ཐར་རྩེ་ནས་ནམ་མཁའ་རིན་ཆེན་པ་རྣམས་ཀྱི་དབུས་སུ་བསྙེན་པར་རྫོགས། བླ་མ་ལ་བསྟེན་ནས་ཆོས་གསན་ཚུལ་ནི། མཁན་སློབ་གསང་གསུམ་དང༌། གཞན་ཡང་རྒྱལ་དབང་མཆོག་གི་སྤྲུལ་སྐུ་ངག་དབང་བློ་བཟང་རྒྱ་མཚོ། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། དེའི་སྲས་ངག་དབང་བསོད་ནམས་དབང་ཕྱུག །གསེར་མདོག་མཁན་ཆེན་ཤཱཀྱ་བཀྲ་ཤིས་སོགས་བླ་མ་བཅུ་གསུམ་ཙམ་བསྟེན་ནས་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་མཛད་དེ་རྒྱས་པར་གསན་ཡིག་ཏུ་བལྟའོ། །བདེ་ཀྱེ་ལ་སོགས་པའི་ལྷག་པའི་ལྷ་དང༌། ཆོས་སྲུང་ནོར་ལྷ་རྣམས་བསྙེན་སྒྲུབ་མཐར་ཕྱིན་མཛད་པས། བདེ་མཆོག་གི་བསྙེན་པའི་དུས་ཌ་མ་རུའི་སྒྲ་དང་ཉེ་སྙིང་གི་སྔགས་གསལ་བོ་ཐོས་པ་དང༌། འཇམ་དཀར་གྱི་རྒྱ་སྲན་ལ་བསྟེན་པའི་བསྙེན་སྒྲུབ་བྱེད་དུས་མྱུ་གུ་སྐྱེས་པ་དང་ལྷ་སར་ཡི་གེ་དྲུག་མ་གསེར་གྱི་མདོག་ཅན་གཟིགས་པ་དང༌། ཆོས་སྐྱོང་རྣམས་འཕྲུལ་མང་དུ་གཟིགས་པ་དང༌། མགོན་དཀར་གྱི་བསྙེན་པ་ལན་མང་དུ་མཛད་པས་ཟས་ནོར་ལོངས་སྤྱོད་ཀྱི་སིདྡྷི་མང་དུ་བྱུང་ཞིང་དགུང་ལོ་སོ་བཞི་པ་ལ་སམྦུ་ཊའི་སློབ་དཔོན་མཛད་པ་ནས་བཟུང་སྟེ་ཨེ་ཝཾ་ཆོས་གདན་གྱི་ཟུར་འཆད་མཛད་ནས་ཆོས་ཀྱི་འཁོར་ལོ་བསྐོར། མཁན་པོར་མ་བྱོན་གོང་དུ་ས་ཕོ་ཁྱི་ལོ་ལ་ལམ་འབྲས་ཚར་གཅིག་གནང༌། དེ་ནས་རྒྱལ་དབང་མཆོག་གི་བཀའ་ཤོག་ཕེབས་ནས། ལོ་དེ་ཉིད་ཀྱི་ས་ག་ཟླ་བའི་ཉེར་གཅིག་ལ་ཨེ་ཝཾ་གྱི་མཁན་པོར་འཁོད་དེ། དགུང་ལོ་ཞེ་གཉིས་བཞེས་ཚེའོ། །དེ་ནས་བཟུང་ལྔ་བཅུ་ང་གཅིག་པ་མེ་ལུག་གི་བར་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་མཛད། ལོ་དེའི་ནག་པ་ཟླ་བའི་ཚེས་དྲུག་གི་སྔ་དྲོ་ཉི་མ་རི་རྩེ་ལ་ཤར་ཙམ་སྐུ་གཤེགས། ཚེས་བདུན་གྱི་ཉི་མ་དྲོས་ཙམ་ལ་ཞལ་མདངས་འགྱུར་ཏེ་ཐུགས་དམ་ལས་གྲོལ་བའི་རྟགས་དབུ་གཡས་ཕྱོགས་སུ་ཅུང་ཟད་ཡོ་བ་དང༌། ཤངས་བུག་གཡོན་ནས་བྱང་སེམས་ནར་ཙམ་འཛག་འདུག་གསུངས། དེ་ནས་ས་ག་ཟླ་བའི་ཚེས་བཅོ་