[A:༤༨]ལྔ་ལ་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་པས་ཀྱེ་རྡོར་ལ་བརྟེན་པའི་སྐུ་གདུང་སྲེག་སྦྱོང་གི་ཆོ་ག་ཕུལ། ཕྱག་གཡོག་རྣམས་ཀྱིས་དགོངས་རྫོགས་ཀྱི་རིམ་པ་རྗེ་ཉིད་ཀྱིས་བཞེངས་པའི་བཀའ་འགྱུར་གྱི་འཕྲོས་རྒྱུད་འབུམ་དང༌། ལམ་འབྲས་བརྒྱུད་པའི་ཁ་སྐོང་གི་སྨན་སྐུ་དུས་ཐང་དང༌། དུས་ཇའི་རྒྱུན་འཛུགས་པ་སོགས་དགོངས་རྫོགས་ཡང་དག་བསྒྲུབས་སོ། །རྒྱས་པར་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་གྱིས་མཛད་པའི་རྣམ་ཐར་དུ་བལྟའོ།། །།སྒྲུབ་ཁང་ནས་འཇམ་མགོན་དཔལ་མཆོག་རྒྱལ་མཚན་ནི། གཅན་ལུང་མཁས་སྔར་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱི་སྐུ་དབོན་དུ་བྱོན། དེ་ཡང་ཡབ་ཆོས་སྐྱོང་བཀྲ་ཤིས། ཡུམ་ཨ་ཁྲིད་ཟེར་ཞེས་ཐོས་དགུང་རྟ་ས་ཕག་ལ་བྱོན། རིགས་སད་པའི་ཡོན་ཏན་དང་ལྡན། སྐུ་ན་གཞོན་ནུ་ནས་ཨེ་ཝཾ་དུ་ཁུ་བོ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་དཔལ་ལྡན་དོན་གྲུབ་ཀྱི་དྲུང་དུ་བསྙེན། ཨེ་ཝཾ་བའི་འདོན་ཆོས་སྤྱོད། གཞུང་ལུགས་ཆེན་པོ་རྣམས་དང་བཅས་པ་ཀུན་ཆུབ་པར་མཛད། འཛམ་གླིང་བྱང་ཕྱོགས་ཀྱི་སྐྱེ་དགུ་ཀུན་གྱི་གཙུག་རྒྱན་དཔལ་ས་སྐྱ་པ་རྩེ་གདོང་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་མཁན་པོ། མཁས་གྲུབ་དཔལ་ལྡན་དོན་གྲུབ་ཉིད་ཀྱིས་ལས་སློབ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་དེ་དག་དང༌། བྲང་ཏི་ནམ་མཁའ་སངས་རྒྱས། ཤར་ཆེན་ཤེས་རབ་འབྱུང་གནས་སོགས་ལ་གསན་པ་རྒྱ་ཆེར་མཛད། ཁྲིད་རིམ་དང་ལྷ་བསྙེན་མང་པོ་མཐར་ཕྱིན། མཁས་གྲུབ་ཉིད་ཀྱི་གསུང་གིས་ཁྱེད་རང་ཆོས་མཐུན་གྱིས་ཚེ་ཚད་ཀྱང་ང་རང་ཙམ་འོང༌། ཕྲིན་ལས་ཀྱང་དགའ་མོ་འོང་གསུངས་ཐོག་ཏུ་ཕེབས་ཏེ་སྐུ་ཚེ་ཁུ་བོ་ལས་ལོ་གཅིག་གིས་རིང་བ་བྱུང་མདོ་ཁམས་སུ་སྡེ་དགེར་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་ཡུན་རིངས་མཛད། དེ་ནས་འཆི་ས་དབུས་གཙང་དུ་བྱེད་གསུངས་ནས་ནན་ཏན་ཆེན་པོས་ངོར་དུ་བྱོན། སྔོན་གྱི་ཐུགས་བསྐྱེད་ལེགས་སྨོན་མཐུས་དགུང་ལོ་རེ་དགུ་པ་ལུག་ལོའི་སྟོན་ཨེ་ཝཾ་ཁྲིར་ཕེབས། གསུང་ངག་ཚར་བཞི་ལ་