[A:༤༩]སོགས་པའི་བཀའ་དྲིན་སྩལ། སྔར་སྡེ་དགེ་དང༌། འདི་གཉིས་ཆར་མཆོད་རྟེན་བཞེངས་པའི་ཕན་ཡོན་མདོ་ནས་གསུངས་པ་ལ་དགོངས་ནས་གནང་བར་མངོན། དེ་ནས་ཕག་ལོར་ཐར་རྩེ་ནས་རྗེ་ནམ་མཁའ་དཔལ་བཟང་ངོར་གྱི་ཁྲི་འདོན་མཛད། རྗེ་རང་སྒྲུབ་ཁང་དུ་ཐུགས་དམ་མཛད་དེ། དགུང་ལོ་དོན་ལྔ་བ། གླང་ལོ་ཧོར་ཟླ་བཞི་པའི་ཉེར་བརྒྱད་ལ་སྐུ་གཤེགས། སྐུ་གདུང་བཞུ་བ་དངུལ་གདུང་སོགས་དབོན་ཆེན་ཤཱཀྱ་དོན་གྲུབ་ཀྱིས་དགོངས་རྫོགས་ལེགས་པར་བསྒྲུབ་བོ། །རྗེ་འདིའི་རྣམ་ཐར་ཁོ་བོས་ལོགས་སུ་བྲིས་པར་བལྟའོ།། །།དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་པ་སེ་ཆེན་གན་གྱི་བརྒྱུད་པ། འཇམ་དབྱངས་ནམ་མཁའ་དཔལ་བཟང་ནི། འུ་ཡུག་གི་ཕུའི་འབྲོག་གསེབ་ཏུ། ཡབ་ཁོར་ཚ་ད་ར་དང༌། ཡུམ་ཁོར་མོ་ནོར་འཛོམ་གྱི་སྲས་སུ། དགུང་རྟ་ལྕགས་ཕག་ལོར་འཁྲུངས་སྐུ་མཆེད་གསུམ་ཡོད་པའི་འབྲིང་པོ་ཡིན། ཆུང་ངུ་ནས་རྩེ་གདོང་དུ་བྱོན། དེའི་དུས་མཚན་ཀརྨ་ཞུ། དེ་ནས་ཨེ་ཝཾ་ཐར་རྩེར་ཁུ་བོ་ཆོས་རྗེས་བླངས་ནས་བྲང་ཏི་ནམ་མཁའ་སངས་རྒྱས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ངའི་ཁུ་བོ་བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་གི་མཚན་དེ་ཁྱོད་ལ་འདོགས། མ་འོངས་པ་ན་ངེད་ཀྱི་གདན་ས་འོང་གསུང་པའི་ལུང་བསྟན་མཛད། ལུགས་གཉིས་ཀྱི་སྒོ་ནས་ཐུགས་སྲས་མཆོག་ཏུ་མཛད། རྗེ་འདི་ལས་དམ་པའི་ཆོས་དཔག་ཏུ་མེད་པ་གསན། གཞན་ཡང་ཤར་ཆེན་ཁུ་དབོན། རིན་པོ་ཆེ་དཔལ་ལྡན་དོན་གྲུབ་ཁུ་དབོན་སོགས་བླ་མ་མང་པོ་ལ་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད། ཐར་རྩེའི་དཀར་མེ་དུས་ཇའི་ཐེབས་སུ་ཁམས་ཀྱི་ཆུ་འབུམ་ངོས་སུ་འབུལ་སྡུད་ལ་ཡང་བྱོན། དེ་ནས་ངོར་དུ་བྱོན་ཏེ་བྲང་ཏི་པ་མཁན་ཆེན་ནམ་མཁའ་རིན་ཆེན་ཨེ་ཝཾ་གྱི་གདན་ས་ལ་འཁོད་རྗེ་འདིས་ཐར་རྩེའི་གདན་ས་པ་མཛད། དེ་ནས་ཕྱིས་རྗེ་འདིས་དགུང་ལོ་རེ་གཅིག་པ་ཕག་ལོར་ཨེ་ཝཾ་གྱི་གདན་སར་འཁོད། རེ་གཉིས་པ་བྱི་ལོའི་ཧོར་ཟླ་བཞི་པའི་ཚེས་བཅུ་དགུའི་སྲོད་ལ་ཐར་རྩེའི་གཟིམས་ཁང་