[A:༨]གི་དགོངས་རྫོགས་སུ་བསྒྲུབས། སྣར་ཐང་དུ་ཡང་དེ་བཞིན་མཛད། རྒྱལ་ཚབ་མུས་ཆེན་ལ་རྡོ་རྗེ་འཆང་གི་རྣམ་ཐར་སོགས་བཀའ་ཆོས་འགའ་རེ་གསན། རྗེ་མུས་པས་ཀྱང་རྗེ་འདི་ལ་བདེ་བ་ཅན་གྱི་ཞིང་གི་བཀོད་པའི་ལུང་གསན། སླར་རྗེ་བཟང་པོའི་ཞབས་ཀྱི་ལུང་བསྟན་རྗེ་མུས་ཆེན་ལ་རེ་ཞིག་ཉིད་ཀྱིས་འདིར་ཆོས་གསུངས། དེ་མཚམས་མཁན་ཆེན་ཤེས་རབ་རྒྱ་མཚོ་འོས་ཡིན། དགོན་པ་འདི་ངེད་དཔོན་སློབ་རྣམས་ཀྱི་རྒྱ་རི་ལ་ཕུག་ལ་བརྟེན། དཀའ་ལས་བྱས་ཐེབས་པ་ཡིན་ཞིང༌། ངེད་ལ་རྗེས་བཀོད་བཞག་གནང་དུས་སྐུ་ཆོས་འདི་ཡིན་ཞིང༌། ངེད་ཀྱིས་ལོངས་མ་སྤྱད་པར་ད་ལན་བྱིན་རླབས་རྟེན་ལ་གནང་གསུངས་ཤིང་གནང༌། རྗེ་དབོན་ཀུན་དགའ་དབང་ཕྱུག །ཆོས་རྗེ་དཔལ་རྡོར་བ། སློབ་དཔོན་བསོད་ནམས་དབང་ཕྱུག་སོགས་ཀྱིས་གསོལ་བ་བཏབ་སྟེ། ཆུ་སྦྲུལ་གྱི་ལོ་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཟླ་བ་དྲུག་པའི་ཚེས་བཞི་ལ་ཨེ་ཝཾ་ཆོས་ལྡན་གྱི་བཞུགས་ཁྲི་ལ་མངའ་གསོལ། རྟ་ལོར་མུས་ཆེན་སྤྱན་དྲངས་ནས་གསུང་ངག་གནང༌། རྗེ་འདིས་བཤད་བཀའ་རྣམས་གནང༌། གློ་བོ་ཚུན་སྔ་ཕྱིར་གསུང་ངག་ཚར་བཅོ་ལྔ་ཙམ་གནང༌། ཨེ་ཝཾ་གྱི་གདན་ས་ལོ་ལྔ་མཛད། འཆད་རྩོད་རྩོམ་གསུམ་སོགས་ཀྱིས་བསྟན་པ་སྤེལ། རྗེ་འདིས་མཛད་པའི་ཡིག་ཆ་རྗེ་རྡོ་རྗེ་འཆང་གི་བསྟོད་པ་དུུ་མ། འཇམ་དབྱངས་དཀོན་མཆོག་རིན་ཆེན་ལ་བསྟོད་པ་སོགས་བསྟོད་ཚོགས་རྣམས་དང༌། མཛོད་ཀྱི་ཊཱིཀ །འདུལ་བའི་སྤྱི་དོན་སོགས་དང༌། མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་ས་དཔྱད། འགྲེལ་ཊཱིཀ་ཡན་ལག་རྒྱས་བཤད་སོགས་དབུ་མ་འཇུག་པའི་ཊཱི་ཀ །སྤྱོད་འཇུག་གི་ཊཱིཀ །རྣམ་འགྲེལ་གྱི་ཊཱིཀ །རིགས་གཏེར་གྱི་ཊཱིཀ་སོགས། བློ་གྲོས་རྣམ་འབྱེད་སོགས་དང༌། ཐ་སྙད་ཀྱི་སྐོར་ལ། རིག་པ་ཀློག་ཐབས། སྨྲ་བ་ངན་འཇོམས་ལ་སོགས་པའི་སྒྲའི་བསྟན་བཅོས་རྒྱན་གསལ་བྱེད་ལ་སོགས་པ་སྙན་ངག་གི་བསྟན་བཅོས། གཞན་སྤོས་དང་གཙུག་ལག་གི་བསྟན་