[A:༥༩༥]ཤྲཱི་ཨེ་ཝྃ་པའི་གདན་རབས་ནོར་བུའི་ཕྲེང་བའི་ཞལ་སྐོང་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ། ༄༅། །ཨོཾ་སྭ་སྟི་སིདྡྷཾ། གཟོད་ནས་ཤིན་ཏུ་རྣམ་པར་དག་པས་སྲིད་པའི་མུན་པ་ཀུན་ཟོས་ཏེ། །ཁ་སྦྱོར་བདུན་གྱི་སྣང་བ་ཆེར་རྫོགས་བླ་ན་མེད་པའི་རྩེར་འཛེགས་ཀྱང༌། བྱམ༵ས་པ༵འི་གཟི་ཡིས་འགྲོ་ཀུན༵་དག༵འ་སྟེར་བསྟན༵་པ༵འི་རྒྱལ༵་མཚ༵ན་སྒྲེང་བ་པོ། །དཔལ་ལྡན་བླ་མ་དགྱེས་པ་རྡོ་རྗེ་བྱང་ཆུབ་བར་དུ་སྙིང་དབུས་མཆོད། །སྲིད་པའི་བརླན་ཀུན་གདོད་ནས་བསྐམས་ཀྱང་སྙིང་རྗེ་འོ་མའི་ཆུ་གཏེར་ཕྱུར། །ཡོན་ཏན་འབྲས་བཟང་ཉིད་ཀྱིས་འཛིན་ཡང་ཕན་བདེའི་འདོད་རྒུ་ཀུན་ལ་སྩལ། །རྒྱལ་བས་ཚངས་དབྱངས་གླིང་བུས་བསྔགས་པས་ཡང་ཡང་བསྐོར་ཞིང་དམ་དུ་འཁྱུད། །འཇིག་རྟེན་དབང་ཕྱུག་ཀུན་དགའ་བཟང་པོ་རྒྱ་མཚོའི་བློ་ལ་ལྷ་ཕྱག་བརྩེག །ལུང་དང་རིག་པའི་ཆུ་གཏེར་ལ་གནས་རྩོད་དང་རྩོམ་པའི་ཕུད་སྒྲ་སྒྲོགས། །བསླབ་གསུམ་ནོར་བུའི་གདེངས་ཀ་འབར་བས་ལོག་རྟོག་དབུལ་ཕོངས་ཡོངས་སུ་བཅིལ། །སྨིན་གྲོལ་བདུད་རྩིའི་ཆར་རྒྱུན་འབེབས་པས་སྐུ་བཞིའི་ལོ་ཐོག་རྒྱས་མཛད་པ། །དཔལ་ལྡན་བླ་མ་ཀླུ་རྒྱལ་ཚོགས་ཀྱིས་ཤིས་པའི་མེ་ཏོག་ཆར་དུ་སྩོལ། །ཞེས་པའི་ཚིག་གི་མེ་ཏོག་ཉུང་ངུ་འཐོར་བས་མདུན་བསུས་ཏེ། གང་ཞིག་བརྗོད་པར་བྱ་བའི་སྙིང་པོར། རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་མཐིལ་གྱི་རྡུལ་ཕྲ་རབ་ལ་གནས་པའི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཀྱི་ནང་གསེས། སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་གྲགས་པའི་བྱེ་བྲག་དབུས་ཀྱི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལས། ལྷོ་ཕྱོགས་འཛམ་བུའི་གླིང་གི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་སྤྲུལ་པའི་རྒྱལ་བློན་རྣམས་ཀྱི་བདག་རྐྱེན་ལས་ལོ་པཎ་རྣམས་ཀྱིས་དམ་པའི་ཆོས་ཀྱི་སྲོལ་བཏོད། དར་ཞིང་རྒྱས་པར་མཛད་པ་ལས། རྗེ་བཙུན་འཇམ་དཔལ་དབྱངས་འོད་གསལ་འཆི་མེད་རིགས་ལས་བསམ་བཞིན་དུ་སྐྱེ་བའི་འཁྲི་ཤིང་བཟུང་བ་རྗེ་བཙུན་གོང་མ་ལྔ་ལ་སོགས་པ་རྣམས་ཀྱིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་བར་མཛད་པ་ལས། ཕྱིས་སུ་ཐུབ་པའི་བསྟན་པ་སྤྱི་དང༌། བྱེ་བྲག་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་བཞེད་སྲོལ་འཛིན་པ་རྣམས་ཀྱི་ནང་ནས་གཙུག་གི་ནོར་བུ་ལྟར་གྱུར་པ། སྔགས་ཀྱི་བསྟན་པ་འཛིན་པ་ལ་ངོར་རྫོང་གཉིས་སུ་གྲགས་པའི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོས་ལུང་བསྟན་གྱི་མེ་ཏོག་ལན་གཅིག་མ་ཡིན་པ་ཡང་ནས་ཡང་དུ་འཐོར་བའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་མཚན་སྙན་གདུགས་དཀར་པོ་གཅིག་གིས་སྲིད་པ་དང་ཞི་བའི་ཁྱོན་ཐམས་ཅད་ཡོངས་སུ་ཁེབས་པ་དེ་ཉིད་འཇིག་རྟེན་དུ་བྱོན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་མཛད་པ་རླབས་པོ་ཆེའི་སྒོ་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང༌། བྱེ་བྲག་རྡོ་རྗེ་ཐེག་པའི་ཆོས་སྐོར་ཐམས་ཅད་སའི་སྟེང་ཕལ་ཆེ་བར་དར་ཞིང་རྒྱས་པར་མཛད་པ་ཡིན་ནོ། །དེ་ནས་ཀྱང་རྗེ་དེ་ཉིད་ཀྱི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་བཏེག་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་བསྟན་འཛིན་གྱི་སྐྱེས་བུ་བར་མ་ཆད་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བྱོན་པ་ལས། མུས་ཆེན་འཁོར་ལོ་སྡོམ་པ་ནས་གདན་རབས་ཉེར་དྲུག་པ་མཁན་ཆེན་ཤེས་བྱ་བཟང་པོའི་བར་གྱི་རྣམ་ཐར་མདོར་བསྡུས་རེ་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་གདན་རབས་ནོར་ཕྲེང་དུ་གྲགས་པ་དེའི་ཁ་སྐོང་འཇམ་མགོན་སངས་རྒྱས་ཕུན་ཚོགས་ནས། གདན་རབས་སོ་གསུམ་པ་བྱམས་པ་དཔལ་ལྡན་ཆོས་སྐྱོང་བར་གྱི་རྣམ་ཐར་དཔལ་ཆོས་ཀྱིས་མཛད་པ་རྟོགས་བརྗོད་འདོད་རྒུའི་དཔལ་སྟེར་དང༌། གདན་རབས་སོ་ལྔ་པ་ཁང་སར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་རྣམ་ཐར་དཔལ་ཆོས་པས་མཛད་པ། གདན་རབས་སོ་དྲུག་པ་ཤར་ཆེན་མི་འགྱུར་རྒྱལ་མཚན་གྱི་རྣམ་ཐར་རྗེ་རང་ཉིད་ཀྱིས་མཛད་པ། གདན་རབས་སོ་བརྒྱད་པ་འཇམ་དབྱངས་དཀོན་མཆོག་གྲགས་པའི་རྣམ་ཐར་རྗེ་རང་ཉིད་ཀྱིས་མཛད་པ་བཅས་སྤར་དུ་བཞུགས་པའི་ཞལ་སྐོང་འབྲི་བ་ལ།