R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
ཕྱག་ཆེན་ཐིག་ལེ་ལས། གང་ཞིག་དབང་བསྐུར་སྦྱིན་བྱེད་པ། །དེ་ནི་རྡོར་སེམས་ལྟ་བུར་བལྟ། །བླ་མ་སྟོན་པ་བས་ལྷག་བལྟ། །ཡིད་བཞིན་རིན་ཆེན་མཉམ་པར་བལྟ། །ཞེས་དང༌། གུར་ལས། དབང་བསྐུར་ཐོབ་པའི་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིན་པར་བསམ་པར་བྱ། །ཞེས་དང༌། ས་པཎ་གྱིས། བླ་མ་སངས་རྒྱས་ཉིད་ཡིན་ཞེས། །བྱ་བ་དབང་བསྐུར་ཐོབ་ནས་ཡིན། །ཞེས་གསུངས་པ་ལྟར་དབང་བསྐུར་གཙོ་བོར་གྱུར་པའི་སྡོམ་པ་གསུམ་གྱི་ཆོས་ཀྱི་བཀའ་དྲིན་ཐོབ་པའི་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་རྣམ་ཐར་བརྗོད་པ་ནི། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཡོན་ཏན་བརྗོད་པ་ལས་ལྷག་པའི་བསོད་ནམས་ཐོབ་པ་སོགས་དོན་ཆེ་བ་ཡང་དག་པའི་ལུང་ཚད་མས་གྲུབ་པའི་ཕྱིར་སྙིང་པོའི་དོན་མདོར་བསྡུས་ཏེ་བརྗོད་པ་ལ།།
༈ གདན་རབས་སོ་བཞི་པ་མཁས་གྲུབ་སངས་རྒྱས་དཔལ་བཟང་ནི། མདོ་ཁམས་གོ་འཇོའི་ཡུལ་དུ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་དམ་པའི་རིགས་སད་ཅིང༌། ཆོས་སྤྱོད་དང་ཐོས་བསམ་ལ་བརྩོན། ནར་སོན་པ་ན་ཨེ་ཝྃ་ཆོས་ལྡན་གྱི་གྲྭ་སར་ག་ཟི་ཁང་ཚན་དུ་ཞུགས། བྱམས་པ་བསོད་ནམས་བཟང་པོ། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། བྱམས་པ་ཚུལ་ཁྲིམས་ལྷུན་གྲུབ། ཐར་རྩེ་ནམ་མཁའ་བསམ་འགྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་རྣམས་གཙོ་བོར་བསྟེན་ནས། སྡོམ་པ་གསུམ་གྱི་གཙོས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུར་གསན། མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་སོགས་ལས་སྒྲ་སྙན་སོགས་རིག་གནས་དུ་མར་བསླབ་སྦྱངས་མཛད། དགེས་པ་རྡོ་རྗེ་སོགས་ལྷག་པའི་ལྷའི་བསྙེན་སྒྲུབ་མཐར་ཕྱིན། བྱམས་པ་བསོད་ནམས་བཟང་པོས་མཁན་སའི་ལས་ཁུར་སྔ་ཕྱི་གཉིས་མཛད་པའི་ཕྱི་མའི་གདན་ཚབ་ཏུ་ཀུན་མཁྱེན་ཨེ་ཝྃ་པའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེ་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ནས་མཁན་ཆེན་བསོད་ནམས་ལྷུན་གྲུབ། ཤར་ཆེན་མི་འགྱུར་རྒྱལ་མཚན། འཇམ་མགོན་སངས་རྒྱས་ཡེ་ཤེས། སྨྲ་བའི་སེང་གེ་ཚུལ་ཁྲིམས་རིན་ཆེན་སོགས་སྐལ་ལྡན་གྱི་སློབ་ཚོགས་མཐའ་ཡས་པ་བསྐྲུན། མཁན་པོའི་ལས་ཁུར་ཁང་སར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལ་ཕུལ་ནས། ཁམས་སྡེ་དགེའི་ཕྱོགས་སུ་ཕེབ། ཆོས་ཀྱི་རྒྱལ་པོ་བསྟན་པ་ཚེ་རིང་དང་མཆོད་ཡོན་དུ་འབྲེལ། ཁྲོ་ཁོག་ཏུ་འཁོར་མདོ་དགོན་དང༌། རྫོང་ཆེན་དགོན་གཉིས་གསར་བཞེངས་ཀྱི་བདག་རྐྱེན་མཛད་པ་སོགས་རྣམ་དཀར་གྱི་མཛད་ཕྲིན་ཆེས་ཆེ་བར་མངའ་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་གོ།
༈ གདན་རབས་སོ་བདུན་པ་འཇམ་མགོན་སངས་རྒྱས་ཡེ་ཤེས་ནི། མཁན་ཆེན་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་ཀྱི་དབོན་རིགས་སུ། རང་ཞབས་མདོ་མཁར་ཞེས་པར་སྐུ་འཁྲུངས། ཆུང་ངུ་ནས་ངོར་གྱི་ཆོས་གྲྭར་བྱོན། ཆོས་སྤྱོད་འདོན་ཆོག་སྐོར་དང༌། རྒྱུད་ཆུང་བཞི་སོགས་ཐུགས་འཛིན་མཛད། བྱམས་པ་བསོད་ནམས་བཟང་པོ། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ། ཐར་རྩེ་ནམ་མཁའ་བསམ་འགྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་དམ་པ་མང་པོ་ལས་སྡོམ་པ་གསུམ་དང༌། གསུང་ངག་རིན་པོ་ཆེ་སོགས་ཆོས་ཚུལ་མཐའ་ཡས་པ་གསན། གཞུང་ལུགས་རབ་འབྱམས་ལ་བསླབ་སྦྱངས་དང་གཟིགས་རྟོག་མཛད། ཀྱེ་རྡོ་རྗེའི་གཞི་བསྙེན་སོགས་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཐར་ཕྱིན། ཤར་ཆེན་བྱང་ཆུབ་སེམས་དཔའ་རིན་ཆེན་མི་འགྱུར་རྒྱལ་མཚན་གྱི་གདན་ཚབ་ཏུ་དཔལ་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། སྡོམ་པ་གསུམ་དང་ངོར་ལུགས་དཀྱིལ་འཁོར་བདུན། གསུང་ངག་རིན་པོ་ཆེ། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ། བླ་མ་གོང་མའི་པོད་ལུང་སོགས་དམ་བའི་ཆོས་ཀྱི་ཆར་སིལ་མར་ཕབ་པས་སྐལ་བཟང་གི་ཤེས་རྒྱུད་འཛིན་མའི་དཀྱིལ་འཁོར་ལ་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བཟང་སྨིན་པའི་སློབ་ཚོགས་ཀྱང༌། ངག་དབང་ཆོས་སྐྱོང་བཟང་པོ། མཁས་གྲུབ་སངས་རྒྱས་གྲགས་པ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས།