R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་སོགས་དུ་མར་བསྐྲུན། ལྷར་བཅས་འགྲོ་བའི་སྐྱབས་གནས་དམ་པར་གྱུར་ཀྱང་སྐུ་ཚེ་རིང་བོར་མ་བཞུགས་པ་ཞི་བའི་དབྱིངས་སུ་གཤེགས་སོ། །
༈གདན་རབས་སོ་དགུ་པ་ངག་དབང་ཆོས་སྐྱོང་བཟང་པོ་ནི། བྱམས་པ་བསོད་ནམས་བཟང་པོ་དང༌། བསོད་ནམས་ལྷུན་གྲུབ་སོགས་དམ་པ་མང་པོའི་དབོན་རིགས་སུ་གཙང་རོང་གླིང་མ་མཁར་དུ་སྐུ་འཁྲུངས། རིགས་རུས་ཀྱི་ཡོན་ཏན་དུ་མར་མངའ། ཁྱིམ་གྱི་བྱ་བ་དུག་སྦྲུལ་གནས་པའི་ཚང་ཚིང་དང༌། རབ་ཏུ་བྱུང་བ་ནི་ལྷའི་ཁང་བཟང་དུ་གནས་པ་ལྟ་བུར་གཟིགས་ནས། ངོར་ཨེ་ཝྃ་ཆོས་ལྡན་དུ་ཕེབ། མཁན་ཆེན་གྲུབ་དབང་དཔལ་ལྡན་ཆོས་སྐྱོང་གཙོས། མཁས་གྲུབ་སངས་རྒྱས་དཔལ་བཟང༌། མཁན་ཆེན་བསོད་ནམས་ལྷུན་གྲུབ། རིན་ཆེན་མི་འགྱུར་རྒྱལ་མཚན། འཇམ་མགོན་སངས་རྒྱས་ཡེ་ཤེས་སོགས་དམ་པ་མང་པོ་ལས་སྡོམ་པ་གསུམ། གསུང་ངག་རིན་པོ་ཆེའི་ཆོས་སྐོར་ཡོངས་རྫོགས། དགྱེས་པ་རྡོ་རྗེ་སོགས་དཀྱིལ་འཁོར་མང་པོའི་དབང་ལུང་ཁྲིད་གསུམ། གཞན་ཡང་སྒྲུབ་ཐབས་རྗེས་གནང༌། ས་སྐྱ་བཀའ་འབུམ་སོགས་པོད་མང་པོའི་ལུང་བཅས་གསན་ཅིང༌། ཐོས་པ་དང་བསམ་པས་སྒྲོ་འདོགས་ཆོད་པར་མཛད། ཀྱེ་རྡོར། འཇིགས་བྱེད། ཀུན་རིག་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་ཚུལ་བཞིན་བགྱིས། འཇམ་དབྱངས་དཀོན་མཆོག་གྲགས་པའི་གདན་ཚབ་ཏུ་ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཁྲི་ལ་མངའ་གསོལ། གསུང་ངག་ལམ་འབྲས། སོ་བྱང་སྔགས་གསུམ་སོགས་ཟབ་ཆོས་མཐའ་ཡས་པ་ལོ་གྲངས་དུ་མའི་བར་དུ་སློབ་ཚོགས་རྒྱ་མཚོ་ལྟ་བུའི་རྒྱུད་སྨིན་པར་བྱ་བ་སོགས་ཀྱིས་ཐུབ་བསྟན་ཕྱོགས་བརྒྱར་འཕེལ་བའི་དཔལ་དུ་གྱུར། བྱམས་པ་ཕུན་ཚོགས་དོན་གྲུབ། མཁས་གྲུབ་ཀུན་དགའ་བསོད་ནམས། བྱམས་པ་ནམ་མཁའ་འཆི་མེད་སོགས་མཁས་གྲུབ་ཀྱི་སློབ་མ་དུ་མར་སྤེལ། སྐུ་ཚེའི་མཇུག་ཏུ་བོད་ཆེན་པོའི་ལྗོངས་སུ་བྱོན་ནས་སྡེ་དགེ་ཆོས་རྒྱལ་ཆེན་པོ་དང༌། གླིང་གདུང་བརྒྱུད་སོགས་མི་ཆེན་མང་པོའི་མཆོད་གནས་མཛད། དཔལ་ལྡན་ལྷུན་གྲུབ་སྟེང་སོགས་ཆོས་སྡེ་མང་པོར་བཤད་སྒྲུབ་སྤེལ་བར་མཛད་པ་སོགས་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་པ་གདོན་མི་ཟ་བ་ཞིག་གོ།
༈ གདན་རབས་བཞི་བཅུ་པ་མཁས་གྲུབ་སངས་རྒྱས་གྲགས་པ་ནི། མདོ་སྨད་མི་ཉག་གི་ཡུལ་བཞག་ར་ལྷ་རྩེའི་རྒྱབ་ཤ་གྲོང་ཞེས་པར་དམ་པའི་རིགས་སུ་མཚན་དཔེའི་མེ་ཏོག་བཞད། སྔོན་གྱི་དགེ་བའི་བག་ཆགས་ཀྱིས་བསྐུལ་ནས་གཙང་སྟོད་འོག་མིན་ཨེ་ཝྃ་ཆོས་ལྡན་དུ་ཕེབ། བྱམས་པ་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོའི་དྲུང་ནས་སྡོམ་པ་གསུམ་གྱི་བདུད་རྩི་ཐོག་མར་གསོལ། རྒྱུད་ཆུང་བཞི་དང༌། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་འཛིན་ཆེ། དེ་ནས་མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། མཁས་གྲུབ་སངས་རྒྱས་དཔལ་བཟང༌། འཇམ་མགོན་བསོད་ནམས་ལྷུན་གྲུབ་སོགས་དམ་པ་མང་པོ་ལས་ངོར་ལུགས་དཀྱིལ་འཁོར་བདུན་སོགས་དབང་ཆེན་དང༌། སྒྲུབ་རྗེས་དུ་མར། བདེ་ཀྱེ་གསང་འཇིགས་སོགས་ཀྱི་ཁྲིད་དང་བྱིན་རླབས། གོང་མ་ལྔ། ངོར་ཆེན་ཡབ་སྲས་སོགས་ཀྱི་བཀའ་འབུམ་ལུང་སོགས་དམ་པའི་ཆོས་ཀྱི་བདུད་རྩི་དཔག་ཏུ་མེད་པར་གསོལ། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་གྱིས་དཔྱད་པ་ཚུལ་བཞིན་མཛད། ཟབ་དོན་གྱི་གནད་ལ་སྒོམ་པས་ཉམས་རྟོགས་རྒྱས། ངག་དབང་ཆོས་སྐྱོང་བཟང་པོའི་གདན་ཚབ་ཏུ་ཐུབ་མཆོག་བསྟན་པའི་གསལ་བྱེད་ངོར་ཆེན་རྡོ་རྗེ་འཆང་གི་ཁྲི་ལ་མངའ་གསོལ་གྱི་མེ་ཏོག་བཀྲམ། དབུས་གཙང་ཁམས་གསུམ་ནས་འོངས་པའི་སྐལ་ལྡན་གྱི་སློབ་བུ་རྣམས་ལ་སྡོམ་པ་གསུམ་དང༌། གསུང་ངག་རིན་པོ་ཆེ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་བར་ཡུན་རིང་དུ་བསྐོར། མཁས་གྲུབ་ཀུན་དགའ་བསོད་ནམས། བྱམས་པ་ནམ་མཁའ་འཆི་མེད། མཁས་གྲུབ་ངག་དབང་དམ་ཆོས་སོགས་བསྟན་འཛིན་གྱི་སློབ་ཚོགས་དུ་མར་སྤེལ་བར་མཛད་པ་སོགས་རྣམ་དཀར་གྱི་ཕྲིན་ལས་གདུལ་བྱའི་བློའི་སྤྱོད་ཡུལ་ལས་འདས་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཞིག་གོ།
༈ གདན་རབས་ཞེ་གཅིག་པ་ངག་དབང་ཕུན་ཚོགས་དོན་གྲུབ་ནི། འཇམ་དབྱངས་དཀོན་མཆོག་གྲགས་པའི་དབོན་རིགས་སུ་མི་ཉག་བཞག་ར་ལྷ་རྩེའི་བྱང་ངོས་རྒྱལ་བཟང་ཞེས་པར་བསམ་བཞིན་སྲིད་པ་ཉེ་བར་བཟུང༌།