ཆོས་སྲིད་ལུགས་བཟང་གི་ཕྲིན་ལས་རབ་ཏུ་རྒྱས་པས་བསྟན་འགྲོར་སྨན་པར་མཛད་པའི་སྐྱེས་བུ་དམ་པ་ཞིག་གོ།
༈ གདན་རབས་ཞེ་དྲུག་པ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ནི། རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ལོར་བྲང་ཏི་མཁས་པའི་རིགས་སུ་འཁྲུངས། གཞོན་ནུའི་དུས་ནས་ཡོན་ཏན་དུ་མས་བརྒྱན་པ། བྱིས་པའི་སྤྱོད་པ་ལས་འདས་པ། ཨེ་ཝྃ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཕེབ། རྒྱུན་གྱི་བྱ་བ་ཆོས་སྤྱོད་ནས་བརྩམས་ཏེ་ཀུན་ཏུ་དགོས་པའི་གཞུང་བདུན་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཆེན་པོ་རྣམས་དཀའ་བ་མེད་པར་ཐུགས་སུ་ཆུད། རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་ཏེ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོར་གྱུར། སྐྱེ་བ་དུ་མར་བཅས་རང་ཉེས་པའི་ཚོགས་ཀྱིས་མ་གོས་པའི་ཕྱིར་ཚུལ་ཁྲིམས་ཀྱི་དྲི་བསུང་ཞིམ་པོས་གར་བཞུགས་ཀྱི་ཕྱོགས་ཐམས་ཅད་ཁྱབ་པ་ཀུན་གྱིས་མངོན་སུམ་དུ་གྱུར། ཡོངས་འཛིན་གྱི་བླ་མ་ཉི་ཤུ་རྩ་ལྔ་ལས་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཀྱི་གདམས་པ་རྒྱ་མཚོ་ལྟ་བུར་གསན་པ་རྣམས་ཀྱང་ཚིག་དོན་དང་ཕྱག་ལེན་ཕྲ་མོ་དག་ཀྱང་འཁྲུལ་མེད་དུ་མཁྱེན། དཔལ་ཀྱེ་རྡོ་རྗེའི་བསྙེན་པ་ལན་གཉིས་དང༌། མགོན་པོ་ཆེ་ཆུང་སོགས་ཀྱི་བསྙེན་པ་མཐར་ཕྱིན་པར་མཛད་པས་ཡི་དམ་ལྷས་དངོས་གྲུབ་ཀྱི་གནང་བ་དང༌། ཆོས་སྐྱོང་སྲུང་མས་ཕྲིན་ལས་སྒྲུབ་པའི་མཚན་མ་མང་པོས་ཐུགས་རྒྱུད་གཏམས། ཐུབ་དབང་གནས་བརྟན་བཅུ་དྲུག་དང༌། སློབ་དཔོན་སངས་རྒྱས་གཉིས་པ་སོགས་ཀྱིས་དགྱེས་པའི་འཛུམ་ཞལ་བསྟན། རྗེ་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་བགྲང་བྱ་དགུའི་བར་དུ་འཆད་རྩོད་རྩོམ་གསུམ་དང༌། མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱིས་རྒྱལ་བ་གཉིས་པའི་བསྟན་པ་སྔར་ལས་ཀྱང་རྒྱས་པར་མཛད། སྡེ་དགེ་ཆོས་རྒྱལ་ཆེན་པོས་ལན་གཉིས་ཀྱི་བར་དུ་སྤྱན་དྲངས་ཏེ་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་བསྐྱངས། ཆོས་རྒྱལ་ཆེན་པོ་ལ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་སྩལ། སྔ་ཕྱིར་ལམ་འབྲས་ཚོགས་བཤད་ཚར་བཅུ་དང༌། སློབ་བཤད་ཚར་བཞི། རྡོ་རྗེ་ཕྲེང་བ་ཚར་གཉིས་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། གསུང་གི་གསང་བ་འཛིན་པའི་ཐུགས་སྲས་ས་སྐྱ་བདག་ཆེན། ཡར་ཀླུང་མཆོག་སྤྲུལ། སྐུ་དབོན་རྣམ་གཉིས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ། འཇམ་མགོན་ངག་དབང་ལེགས་གྲུབ་གནས་ལྔ་རིག་པའི་པཎ་ཆེན་ཁུ་ན་ཤེས་རབ་རྒྱལ་མཚན། ས་དབང་བླ་ཆེན། མཁས་དབང་ཀུན་དགའ་དཔལ་ལྡན་སོགས་མཁས་པའི་གཙུག་རྒྱན། གྲུབ་པའི་ཁྱུ་མཆོག་གསེར་ཕྲེང་ལྟ་བུ་ལ་སྨིན་གྲོལ་གྱི་བཀའ་དྲིན་ཇི་སྙེད་སྩལ། དཔལ་ལྡན་ས་ངོར་ཚར་གསུམ་གྱི་བསྟན་འཛིན་རྣམས་ཀྱི་གཙུག་ན་སངས་རྒྱས་གཉིས་པ་ལྟར་མཛད། སྡེ་དགེའི་རྒྱལ་ཁབ་རྣམས་སུའང་ལུགས་གཉིས་ཀྱི་ཁྲིམས་སྔ་མུ་ལས་བཟང་དུ་སོང་བ་སོགས་འགྲོ་ཕན་རྒྱ་ཆེན་མཛད། སླར་ཡང་ཨེ་ཝྃ་ཆོས་ལྡན་དུ་བྱོན་ནས་བླ་བྲང་ཐར་པ་རྩེ་པའི་དབུ་འཕང་ཇེ་མཐོར་སོང་བ་འདི་རྗེ་རྡོ་རྗེ་འཆང་འདིའི་སྐུའི་བསོད་ནམས་ལས་བྱུང་བ་ཀུན་གྱིས་མངོན་སུམ་དུ་གྱུར་ཅིང༌། དེ་ནས་བཟུང་སྟེ་དགུང་གྲངས་གྱ་བདུན་པར་ས་སྐྱར་བཀའ་ཆོས་ཕུལ་ལ་ལན་གྲངས་འགའ་ཙམ་དང༌། ཆབ་ཚན་དུ་རེ་ཟུང་ཕེབ་པ་མ་གཏོགས་ཨེ་ཝྃ་རང་དུ་བཞུགས་འཇགས་ཀྱིས་བཤད་སྒྲུབ་རྣམ་པ་གཉིས་ཁོ་ནས་དུས་འདའ་བར་མཛད་ལ། དེ་ནས་ལྗོངས་འདིའི་སྐྱེ་འགྲོའི་བསོད་ནམས་དེ་ཙམ་དུ་ཟད་པ་དང༌། ཞིང་ཁམས་གཞན་གྱི་གདུལ་བྱར་གཟིགས་ནས་དགུང་གྲངས་གྱ་བདུན་པ་ཆུ་ཁྱི་ལོ་ཧོར་ཟླ་དང་པོའི་ནང་ནས་སྐུ་ཁམས་ཇེ་ཉོག་གི་ཚུལ་བསྟན་ཏེ། སྐབས་ཤིག་སྦྱོར་ལམ་རྩེ་མོ་ཐོབ་པའི་རྟགས་སུ་ལུས་ལ་སྲིན་བུའི་རིགས་མེད་པ་དང༌། སྦྱོར་ལམ་བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་བར་བཤད་པ་དང༌། གཞན་ཡང་སྦྱོར་ལམ་དེ་དག་ཐོབ་པའི་རྟགས་སུ་ཇི་འདྲར་བཤད་པ་ཡོད་ཅེས་ཡང་ཡང་བཀའ་འདྲི་སྩལ་བར། བདག་ཅག་གི་རྡོ་རྗེ་འཆང་དེ་ཉིད་ཀྱིས་མངོན་རྟོགས་རྒྱན་གྱི་འགྲེལ་པ་ལྡེབ་རེ་གཉིས་གཟིགས་རྟོག་ཕུལ་བས། དེ་ལའང་ཞྀབ་པར་གཟིགས་པ་སོགས་ནན་ཏན་ལྟ་བུར་མཛད་འདུག་པ་ནི། སྦྱོར་ལམ་དེ་དག་གང་རུང་ཞིག་ཐོབ་པར་ཞལ་གྱིས་བཞེད་པར་ངེས་སོ།