།ལོ་དེའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་དེ་རིང་ཚེས་བཅོ་ལྔ་ཡིན་པས་སངས་རྒྱས་ཀྱི་འཕེལ་གདུང་ཞིག་ཀྱང་གསོལ་དགོས་ཚུལ་གསུངས་པ་ལྟར་ཕུལ་བས་ཐུགས་སྨོན་དང་བཅས་ཏེ་གསོལ་ནས། དེའི་ནུབ་མོ་ཞབས་སྐྱིལ་ཀྲུང་དང༌། སྐུ་དྲང་པོར་བསྲངས། ཚེས་བཅུ་བདུན་ཉི་མ་ཤར་ཙམ་ན་རྗེ་རང་གི་ཕྱག་མཛུབ་ནམ་མཁར་གཏོད་ཅིང༌། སྐུ་འཁོར་བ་རྣམས་ལ་འདིར་མ་སྡོད་ཅེས་པའི་བརྡ་མཛད། བདག་གི་འདྲེན་པ་དམ་པས་ད་ནི་ཞི་བར་གཤེགས་པ་ལགས་པས་ཐུགས་དམ་གྱི་རིགས་ལ་མི་ལྷོད་པར་ཞུ། ཞེས་ལན་གསུམ་ཙམ་ཞུས་པས་དབུ་གུག་ཙམ་ཞིག་མཛད་དེ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ། །དེའི་ཚེ་ནམ་མཁའ་ལ་འཇའ་ཁ་དོག་སྣ་ཚོགས་ཤར་བ་སོགས་ངོ་མཚར་བའི་ལྟས་དུ་མ་གསལ། ཞག་གསུམ་གྱི་བར་དུ་སྐུའི་གཟི་མདངས་རྒྱུན་བས་ལེགས་ཤིང་སྐུ་ཤ་དཀར་བ་དང༌། ཞལ་རས་ཀྱི་ངོས་སུ་གཉེར་མའང་ཆེར་མེད་པའི་གཞོན་ཤ་ཆགས། ཞག་གསུམ་འགྲོ་མཚམས་ཞལ་མདངས་གློ་བུར་བ་དེ་ཡལ་ནས་དབུ་མདུན་དུ་ཅུང་ཟད་གུག་པ་དང༌། ཤངས་བུག་གཡས་ནས་བྱང་སེམས་དམར་པོ་ནར་ཙམ་ཞིག་བབས་འདུག་པས། སླར་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ། དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་རྣམས་ཀྱིས་མཆོད་པའི་ཁྱད་པར་སྣ་ཚོགས་པས་མཆོད་ཅིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་བཀྲ་ཤིས་པའི་ཆོ་ག་དང་བཅས་པའི་སྒོ་ནས་མཆོག་གི་གྲོང་ཁྱེར་དུ་གཤེགས་ཏེ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པར་གདོན་མི་ཟའོ། །ཞུགས་ཕུལ་བའི་ཚེའང་སྐུ་ལས་ཡེ་ཤེས་ཀྱི་མེ་རང་འབར་དུ་གྱུར་ཅིང༌། གདུང་གི་དུད་པའང་ནམ་མཁའ་ལས་འཇའ་ཁ་དོག་སྣ་ཚོགས་འཁྲིགས་པ་དང་བསྡོངས་ནས་ཡལ་སོང་བས་ཀུན་གྱི་སྙིང་ལ་དད་གུས་སྤྲོ་གསུམ་གྱི་རྦ་རླབས་ཆེས་ཆེར་གཡོས་པར་གྱུར་ཏོ། །རྗེས་ཀྱི་དགོངས་རྫོགས་རིགས་སྤྱི་བླ་བྲང་ཆེན་མོའི་སྔར་ལམ་དང་བསྟུན་པ་གཟབས་རྒྱས་ཀྱི་ཚུལ་དུ་བདག་ཅག་གི་འདྲེན་མཆོག་ངེས་པ་དོན་གྱི་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་མཐར་ཕྱིན་པར་མཛད་དོ། །འདི་ཉིད་ཀྱི་རྣམ་ཐར་རྒྱས་པ་ཐར་རྩེ་རྡོ་རྗེ་འཆང་གིས་མཛད་པ་ལས་རྟོགས་པར་བྱའོ།།
༈ གདན་རབས་ཞེ་བདུན་པ་མཁན་ཆེན་ངག་དབང་བློ་གྲོས་བཟང་པོ་ནི། ཁང་སར་མཁན་རིན་པོ་ཆེ་ངག་དབང་ཆོས་སྐྱོང་བཟང་པོའི་དབོན་རིགས་སུ་འཁྲུངས། དམ་པ་ལ་གུས་ཤིང་དམན་ལ་བརྩེ་བའི་བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་རྫོགས། ཨེ་ཝྃ་ཆོས་ལྡན་དུ་ཕེབ། ཞབས་དྲུང་གི་བསླབ་སྦྱངས་རིགས་དཔྱིས་ཕྱིན་པར་མཛད། བྱམས་པ་ནམ་མཁའ་འཆི་མེད། མཁས་གྲུབ་ངག་དབང་དམ་ཆོས། བྱམས་པ་བསོད་ནམས་དཔལ་འབྱོར་རྣམས་གཙོ་བོར་བསྟེན་ནས། སྡོམ་གསུམ་བདུད་རྩིའི་བློ་གྲོས་ཀྱིས་ལུས་སྟོབས་རྒྱས་པ་དང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་དམ་པའི་ཆོས་འབད་རྩོལ་གྱི་སྒོ་ནས་གསན་ཅིང༌། གཞུང་ལ་ཐོས་བསམ་ལེགས་པར་མཛད། ཟབ་དོན་ལ་སྒོམ་པའི་ཀློང་བརྡོལ། གྲུབ་པའི་རྟགས་མཚན་དུ་མ་མངའ། བྱམས་པ་ཀུན་དགའ་བསྟན་འཛིན་གྱི་གདན་ཚབ་ཏུ། མཁས་གྲུབ་བྱེ་བའི་གཙུག་རྒྱན་ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་ཞབས་ཟུང་འཁོར་ལོས་མཚན་པ་ལྷར་བཅས་འགྲོ་བའི་མཆོད་གནས་སུ་འགྱུར་བ་མེད་པར་རིང་དུ་བཀོད་དེ། འཇིགས་བྲལ་རྣལ་འབྱོར་དབང་ཕྱུག་གི་བཞེད་སྲོལ་གསུང་ངག་རིན་པོ་ཆེ་སོགས་ཐེག་གསུམ་རྒྱུད་སྡེ་བཞིའི་དགོངས་དོན་དབང་ལུང་ཁྲིད་བཅས་དུ་མས་དབུས་གཙང་ཁམས་གསུམ་གྱི་སློབ་ཚོགས་སྨིན་པར་མཛད་པ་དང༌། འཇིག་རྟེན་ཁམས་སུ་ཕན་བདེའི་སྒོ་བརྒྱ་ཕྲག་འབྱེད་པའི་ཕྱིར་དུ། རྟེན་གསུམ་དྲུང་མཆོད་སྤྲིན་དཔག་མེད་སྤྲོ་བ་སོགས་མཉམ་རྗེས་ཐམས་ཅད་དུ་གསང་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རྣམ་རོལ་ལས་མ་གཡོས་བཞིན་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པ་དང༌། ངག་དབང་བློ་གྲོས་བསྟན་འཛིན། ཆོས་རྗེ་རིན་ཆེན་ལྷུན་གྲུབ། བཤེས་གཉེན་ངག་དབང་བསྟན་པ་སོགས་བུ་སློབ་མང་པོ་བསྐྲུན་པ་བཅས་དམ་པའི་མཛད་ཕྲིན་གྱིས་ས་གསུམ་ཁྱབ་པའི་བཤེས་གཉེན་དམ་པ་འབྲེལ་ཚད་བསླུ་བ་མེད་པ་ཞིག་གོ