R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
སྡེ་དགེ་ཆོས་རྒྱལ་ཆེན་པོའི་དབུའི་མཆོད་གནས་སུ་ཕེབ། སློབ་དཔོན་ཆེན་པོ་པདྨ་ཀཱ་ར་སོགས་ལྷག་པའི་ལྷས་ཞལ་གཟིགས། བྲག་ལ་ཕུར་པ་བཏབ་པ་སོགས་གྲུབ་པའི་ས་ལ་བཞུགས་པའི་མཚན་རྟགས་མངོན་སུམ་དུ་བསྟན། ཕྱོགས་དེར་གཏོགས་པའི་ཨེ་ཝྃ་པའི་རྗེས་འཇུག་ཆོས་གྲ་ཆེ་ཆུང་ཐམས་ཅད་ལ་དབང་ལུང་མན་ངག་གི་འཆད་སྤེལ་དང༌། ཆོ་གའི་ཕྱག་ལེན། དབྱངས་གདངས་རོལ་མོ། རིམ་གཉིས་ཀྱི་རྣལ་འབྱོར་སོགས་བཤད་སྒྲུབ་ཀྱི་བསྟན་པ་འཁྲུལ་མེད་དུ་བསྐྱངས་པའི་ཕྱག་རྗེས་ད་ལྟའི་བར་དུ་གནས་པ་ཁོང་གི་སྐུ་དྲིན་ཡིན། སྔ་ཕྱི་ཀུན་ཏུ་གསུང་ངག་ཚོགས་བཤད་དུ་མ་དང༌། སློབ་བཤད་ལན་གཉིས་ཀྱིས་མཚོན་པའི་ཟབ་རྒྱས་ཆོས་ཀྱི་གདམས་པ་དུུ་མ་སྩལ་བས་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བསྐྲུན་པའི་ངང༌། རེ་ཞིག་ཞིང་འདིའི་གདུལ་བྱ་དེ་ཙམ་དུ་གཟིགས་ནས། སྐུ་དབོན་རྣལ་འབྱོར་འཇམ་དཔལ་བཟང་པོ་དང༌། ས་དབང་བླ་ཆེན་སོགས་ལ་ཞལ་ཆེམས་ལྷུག་པར་སྩལ་ཅིང༌། དགུང་ལོ་ལྔ་བཅུ་རྩ་དྲུག་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་པས། ཆོས་རྒྱལ་བླ་སློབ་རྣམས་སྔར་ལས་ཀྱང་དད་མོས་ཇེ་ཆེར་གྱུར་ནས་གཤེགས་རྫོང་རྣམས་མཐར་ཕྱིན་པར་མཛད་དོ། །འདི་ཉིད་ཀྱི་རྣམ་ཐར་རྒྱས་པ་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་ལས་རྟོགས་པར་བྱའོ།།
༈ གདན་རབས་ཞེ་བཞི་པ་མཁས་གྲུབ་ངག་དབང་དམ་ཆོས་ནི། རོང་ཡུལ་ཕོ་སྒང་སྟེང་ཞེས་པར་མཁས་གྲུབ་མང་པོ་བྱོན་པའི་བརྒྱུད་དུ་སྐུ་བལྟམས། སྐུ་ཚེ་དུ་མ་ནས་དམ་པའི་ཆོས་ལ་སྤྱོད་པའི་འབྲས་རྟགས་ཐེག་ཆེན་གྱི་རིགས་སད། ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་ངོར་ཨེ་ཝྃ་ཆོས་ལྡན་གྱི་གནས་སུ་བྱོན། རྒྱུད་ཆུང་བཞི་དང་ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ལ་མཁྱེན་རབ་རྒྱས། མཁན་ཆེན་སངས་རྒྱས་གྲགས་པ་ལས་བསྙེན་པར་རྫོགས། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། སྨིན་གྲོལ་གསེར་འགྱུར་རྩིས་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་དུ་བསྒྱུར། ངག་དབང་ཕུན་ཚོགས་དོན་གྲུབ། མཁས་གྲུབ་ཀུན་དགའ་བསོད་ནམས། ཐར་རྩེ་ནམ་མཁའ་འཆི་མེད་རྣམས་ལས་སྨིན་བྱེད་དབང༌། གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་གི་སྐོར་དཔག་མེད་གསན། གཞི་ཚུལ་ཁྲིམས་རྣམ་དག་ལ་བརྟེན་ནས། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པའི་གྲུབ་འབྲས་བྱམས་པ་ནམ་མཁའ་འཆི་མེད་ཀྱི་གདན་ཚབ་ཏུ་ཆོས་སྲིད་ལུགས་བཟང་གི་མངོན་པར་མཐོ་བའི་ཁྲི་ལ་ཞབས་ཟུང་གཡོ་མེད་བཀོད་དེ་གསུང་ངག་ལམ་འབྲས་ཀྱི་དབང་ལུང་ཁྲིད་སོགས་ཀྱི་སྐོར། རྒྱུད་སྡེ་བཞིའི་སྨིན་གྲོལ་གྱི་རྒྱུན་གང་བཞུགས། སོ་བྱང་གི་སྡོམ་པ་སོགས་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པས་སློབ་ཚོགས་མཐའ་ཡས་པ་ཚིམ་པར་མཛད། གསུང་ལས་སྐྱེས་པའི་ཆོས་ཀྱི་སྲས་ངག་དབང་བློ་གྲོས་བཟང་པོ། ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་སོགས་ཁྱད་པར་འཕགས་པའི་བསྟན་འཛིན་མང་པོ་བྱོན་པའི་རྩ་ལག་དམ་པར་གྱུར་བ་ཞིག་གོ།
༈ གདན་རབས་ཞེ་ལྔ་པ་མཁན་ཆེན་བསོད་ནམས་དཔལ་འབྱོར་ནི། མདོ་སྨད་ལིའུ་ཐང་མོ་ལ་གཤིས་ཞེས་པར་སྐུ་འཁྲུངས། ཆུང་ནས་བྱིས་པའི་སྤྱོད་པ་ལས་འདས་ཏེ་དད་པ་སྙིང་རྗེ་ཤེས་རབ་སོགས་ཡོན་ཏན་གྱི་རྩ་བ་རབ་ཏུ་བརྟན། ངོར་ཨེ་ཝྃ་ཆོས་ལྡན་གྱི་གྲྭ་སར་ཞུགས། རྒྱུད་ཆུང་བཞི་དང༌། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་འཛིན་མཛད། ངག་དབང་ཕུན་ཚོགས་དོན་གྲུབ། མཁས་གྲུབ་ཀུན་དགའ་བསོད་ནམས། བྱམས་པ་ནམ་མཁའ་འཆི་མེད་སོགས་བསྟེན་ནས་སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེས་གཙོས་སྨིན་གྲོལ་རྒྱ་མཚོ་ལྟ་བུ་གསན་ཏེ་ཐོས་བསམ་ཚུལ་བཞིན་མཛད། དགྱེས་རྡོར་སོགས་ཡི་དམ་དུ་མའི་བསྐྱེད་རྫོགས་ལ་དབང་འབྱོར་པའི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ཏེ། མཁས་གྲུབ་ངག་དབང་དམ་ཆོས་ཀྱི་གདན་ཚབ་ཏུ་ཁྱབ་བདག་རྡོ་རྗེ་འཆང་གི་ཁྲི་ལ་མངའ་གསོལ་ཏེ་རབ་བྱུང་བསྙེན་རྫོགས། བྱང་སེམས་ཆོ་ག །སྔགས་ཀྱི་སྨིན་གྲོལ་སོགས་སྡོམ་པ་གསུམ་ཆ་ལག་དང་བཅས་པས་འོས་སུ་གྱུར་པའི་གདུལ་བྱ་ཐམས་ཅད་ཡང་དག་པའི་ལམ་ལ་དཀྲི་བར་མཛད། བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་དཔལ་ལྡན་བཟང་པོ་སོགས་སློབ་མ་བཟང་ལ་མང་བར་བྱོན།