།
༈གདན་རབས་ཞེ་བརྒྱད་པ་ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དྲི་མེད་ལེགས་པའི་བློ་གྲོས་ནི། མི་ཉག་བསེའུ་རྒྱལ་པོའི་སྲས་ལ་ཨ་ཅ་སྤུན་བདུན་སྐྱེས་པ་དཔོན་ཁག་བདུན་དུ་གྱེས་པའི་ཡ་གྱལ་འགའ་ཐར་དཔོན་གྱི་གདུང་རྒྱུད་ལ་འགའ་ཐར་མ་འཇུ་བྲག་ཞབས་སུ། ཡབ་དམ་པའི་ཡོན་ཏན་མངའ་བ་ཞིག་དང༌། ཡུམ་ཆོས་ལ་དད་པ་ཨ་ལ་པདྨ་ཞེས་ཟེར་བ་ཞིག་ལས་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། ཤེས་རབ་སྙིང་བརྩེ་སོགས་ཐེག་ཆེན་གྱི་རིགས་ཕུན་སུམ་ཚོགས་པའི་རྟགས་རྫོགས། འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། གསོ་དཔྱད་ཀྱི་གཞུང་རྒྱུད་བཞི་བསླབས་ཤིང་ཕྱག་ལེན་དུ་བསྟར་ནས་གཞན་དོན་མཛད། བཞག་ར་ལྷ་རྩེར་སྐོར་བ་ཕེབ་པས་མ་འོངས་པར་ངོར་གྱི་མཁན་པོར་བྱོན་པའི་རྟེན་འབྲེལ་འགྲིག །དགུང་ལོ་ཉི་ཤུ་སྐོར་ངོར་དུ་བྱོན་པས། རྟ་བབས་མཆོད་རྟེན་དུ་ཕེབ་པ་དང་ཆོས་དུང་འབུད་པ་དུས་མཉམ་པས་ཆོས་ཀྱི་གྲགས་པས་སྲིད་ཁོངས་འགེངས་པའི་སྔ་ལྟས་སུ་གྱུར། མཁན་ཆེན་ངག་དབང་དམ་ཆོས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་ཚུལ་ཁྲིམས་སྤྱན་འབྲས་བཞིན་བསྲུངས། སེམས་བསྐྱེད་དང་རྡོ་རྗེ་ཐེག་པའི་དབང་བསྐུར་གསན་པས་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར། མཁས་གྲུབ་ངག་དབང་དམ་ཆོས་གཙོས་ཡོངས་འཛིན་དུ་མ་ལས་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་རྣམས་ཀྱི་དབང་ཁྲིད་ལུང་སོགས་རྒྱུན་གང་བཞུགས་ལེགས་པར་གསན། ངོར་གྱི་འདོན་ཆ་སྐོར། རྒྱུད་ཆུང་བཞི། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་འཛིན་དང་ཐོས་བསམ་མཛད་ཚུལ་ཙམ་ལས་རིག་པའི་པདྨོ་འདབ་སྟོང་གྲོལ་བས་གཟིགས་པ་ཙམ་གྱིས་ཚིག་དོན་ཐུགས་སུ་ཆུད། རིགས་གཞུང་མཁྱེན་པའི་མཁས་གྲུབ་འགའ་ལས་སྒྲ་ཀ་ལཱ་པ། སྡེབ་སྦྱོར་རིན་འབྱུང༌། སྙན་ངག་མེ་ལོང་མ། རྩིས་དཀར་ནག་སོགས་རིག་གནས་དུུ་མ་སྦྱངས། ལཉྩ། ཝརྟཱུ་ལ་སོགས་ཡིག་རིས་སྣ་ཚོགས་བསླབས། ཐུབ་བསྟན་རྟ་ནག་ཏུ་ཕེབ་ནས་མཁན་པོ་རབ་འབྱམས་པ་འགའ་ལས་བསྡུས་གཞུང་ནས་བཟུང་པོད་ཆེན་ལྔ་གསན་སྦྱངས་མཐར་ཕྱིན་པར་མཛད་པས་དྲུང་རམས་པའི་མཚན་གསོལ། ས་སྐྱར་གྲྭ་སྐོར་མཛད་ཅིང༌། རྡོའི་སེང་གེ་ལ་ཆིབས་པ་དང༌། རྔ་ཆེན་བརྡུང་བ་སོགས་ཀྱིས་ཕྱིར་རྒོལ་གྱིས་མི་འཇིགས་པའི་དྲིལ་བསྒྲགས། མཁས་པའི་གྲགས་དཀར་ཕྱོགས་མཐར་ཁྱབ། བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཞུས་པས་གནང་བ་ཐོབ། ངོར་གྱི་དཔོན་སློབ་ཡུན་རིང་བཞུགས་སྐབས་སྡེ་དགེ་ཆོས་རྒྱལ་དབུས་བྱོན་རྐྱེན་གྱིས་ལྷ་ལྡན་སྨོན་ལམ་ཆེན་པོར་མཎྜལ་རྒྱས་བཤད་དང་པོད་ཆེན་ལྔའི་དམ་བཅའ་བཞག །ཡུམ་རྒྱས་པ་ཐུགས་ནས་གསུངས་པས། རྒྱལ་བས་ཡོངས་འཛིན་གྱི་ཆོ་ལོ་སྩལ། སྐྱབས་མགོན་ཚུལ་ཁྲིམས་རྒྱ་མཚོ་ལ་ཚེ་སྒྲུབ་དང༌། རྒྱལ་པོ་སྟག་ཚལ་ལ་སྒྲ་གཞུང་ཕུལ། ལྕགས་པོ་རིར་སྨན་གྱི་རྒྱུད་བཤད་མཛད། སེར་འབྲས་དགའ་གསུམ་གྱིས་རང་གི་བླ་མ་བཞིན་དུ་བཀུར། དགུང་གྲངས་བཞི་བཅུ་ནང་ངག་དབང་བློ་གྲོས་བཟང་པོའི་རྗེས་སུ་ངོར་ཆེན་གྱི་ཁྲིར་ཕེབ་ནས་ལོ་བདུན་བཞུགས་རིང༌། སྡོམ་པ་གསུམ་དང༌། གསུང་ངག་རིན་པོ་ཆེས་གཙོས་ཟབ་ཆོས་རྒྱ་མཚོ་ཙམ་གསུངས་པས། གསུང་ལས་སྐྱེས་པའི་སློབ་མ་བྱམས་པ་དཔལ་ལྡན་བཟང་པོ། ངག་དབང་བློ་གྲོས་བསྟན་འཛིན། ཞབས་དྲུང་བསོད་ནམས་བསྟན་འཛིན། འཇམ་དབྱངས་ཤེས་རབ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། འཇམ་མགོན་ངག་དབང་ལེགས་གྲུབ། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། བྱ་བྲལ་བསོད་ནམས་བཟང་པོ། མཐུ་ཆེན་འཇམ་དཔལ་བསྟན་འཛིན། སོགས་སློབ་ཚོགས་མཐའ་ཀླས་པ་བསྐྲུན། གསུང་རྩོམ་རིགས་དབུ་མ་འཇུག་འགྲེལ་དང༌། སྨན་བླ། གནས་བརྟན་མདོ་ཆོག་སོགས་མང་དུ་བཞུགས་ཀྱང༌། རང་གི་ཡོན་ཏན་གཙིགས་མེད་དུ་མཛད་པས་བྱིན་ཟར་ཤོར་རྐྱེན་སོགས་ཀྱིས་དཔེ་རྒྱུན་མི་བཞུགས། ཆག་མེད་བཞི་སོགས་ཐུགས་དམ་ལ་རྩེ་གཅིག་བརྩོན་པས་འོད་གསལ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར། ཁྱད་པར་རྗེ་བཙུན་སྒྲོལ་མའི་ཆོ་ག་དང་བསྟོད་པ་ཁོ་ནར་ཐུགས་ཉམས་སུ་བསྟར་བས་འཕགས་མའི་དགྱེས་ཞལ་འབྲལ་མེད་མཇལ་ཞིང་ཡེ་ཤེས་གཟིགས་པའི་སྣང་ངོར་དུས་གསུམ་གྱི་ལེགས་ཉེས་ཐམས་ཅད་མ་བསྒྲིབས་ས་ལེར་མཁྱེན་པས།