R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
ལུང་བསྟན་དུ་སྩལ་བའང་མངོན་པར་ཤེས་པ་ལ་དབང་འབྱོར་པའི་རྟགས་སུ་གོ །སྐུ་ཚེའི་སྨད་དུ་འདྲ་སྐུ་གདུང་རྟེན་ཆེ་ལེགས་བཞེངས། བྱ་བྲལ་རྣལ་འབྱོར་པའི་ཚུལ་དུ་ངོར་དང་གསེར་མདོག་ཅན་སོགས་རེས་མོས་སུ་བཞུགས། དགུང་ལོ་བདུན་ཅུ་པ་ལ་བསྙུང་གཞི་ཆེན་པོར་བཞེས་པའི་ཚུལ་བསྟན་སྐབས། བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་ཞབས་བརྟན་སྩལ་བཞེས་རྟེན་འབྲེལ་དགེ་མཚན་ལས་ལོ་གཅིག་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས། དོན་གཅིག་པར་དགོངས་རྫོགས་ཀྱི་རིགས་ཐམས་ཅད་ཞལ་བཀོད་ལེགས་པར་མཛད་དེ། ལམ་འབྲས་ཀྱི་སྒྲས་འཕོ་བའི་འདའ་ཁ་མའི་རྣལ་འབྱོར་ལ་བརྟེན་ནས་དག་པའི་ཞིང་དུ་གཤེགས། གདུང་ཞུགས་ལ་ཕུལ་བ་ན་དབུ་ཐོད་འཕར་བའི་དུམ་བུར་ཨ་རང་གྲུབ་ཏུ་བྱོན་པ་སོགས་མཆོག་དམན་ཀུན་གྱི་མཐུན་སྣང་དུ་གྲུབ། ཉིན་ཞག་བདུན་གྱི་རིང་ལ་ངོར་གྱི་གླིང་ཐམས་ཅད་དྲི་བཟང་གིས་ཁྱབ་པས་ཟག་མེད་ཀྱི་ཕུང་པོར་མངའ་བརྙེས། མདོར་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཚུན་ཆོད་དུ་མཁན་ཆེན་ཞིག་ལ་མཁས་པའི་ཡོན་ཏན་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏར་གྲགས་ཤིང༌། གྲུབ་པའི་རྣམ་ཐར་བློ་འདས་སུ་སྟོན་པ་འདི་ལྟ་བུ་མ་བྱུང་བ་སོགས་མཁས་གྲུབ་ཀྱི་མཚན་དོན་དང་ལྡན་པ་ཞིག་གོ།
༈ གདན་རབས་ཞེ་དགུ་པ་བྱམས་པ་དཔལ་ལྡན་བཟང་པོ་ནི། གཙང་གི་ཆར་ཆོས་གྲྭ་དགའ་བ་གདོང་གྲགས་པའི་ཉེ་འདབ་པད་ནང་ཞེས་པར་ཆོ་རིགས་མཆོག་ཏུ་གྱུར་པའི་བརྒྱུད་དུ་འཁྲུངས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་དབོན་པོ་རིན་ཆེན་མཆོག་གྲུབ་ཀྱི་སྤྲུལ་སྐུ་འཁྲུལ་མེད་ཡིན་པ་ཡེ་ཤེས་གཟིགས་པ་དག་གིས་ལུང་བསྟན། ངོར་ཨེ་ཝྃ་ཆོས་ལྡན་དུ་ཕེབ། ཕན་བདེ་བླ་བྲང་དུ་བཞུགས་ནས་ཀློག་པ་ཐོས་བསམ་གྱི་འཁོར་ལོས་རང་ལུགས་ཀྱི་གཞུང་རྣམས་ལ་བསླབ་སྦྱང་མཛད། བྱམས་པ་ཀུན་དགའ་བསྟན་འཛིན། ངག་དབང་བློ་གྲོས་བཟང་པོ། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་སོགས་དམ་པ་རྣམས་ལས་སྤྱིར་སྡོམ་པ་གསུམ། བྱེ་བྲག་གསུང་ངག་ལམ་འབྲས་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་སྨིན་གྲོལ་གྱི་བཀའ་སྲོལ་ཇི་སྙེད་ཡོད་པ་ཕལ་ཆེར་གསན། སྤོང་བ་བསམ་གཏན་གྱི་འཁོར་ལོས་ལྷག་ལྷ་བགྲང་ཡས་ཀྱི་བསྙེན་སྒྲུབ་ཚུལ་བཞིན་བགྱིས། ཡོངས་འཛིན་པཎྜི་ཏའི་རྒྱལ་ཚབ་ཏུ་ཀུན་མཁྱེན་ཨེ་ཝྃ་པའི་གསེར་ཁྲི་ལ་ཞབས་པད་བཀོད་དེ། བྱ་བ་ཆོས་སྤྱོད་ཀྱི་འཁོར་ལོ་སོ་བྱང་སྔགས་གསུམ་དང༌། ལམ་འབྲས་ལ་སོགས་པའི་རྒྱུད་སྡེ་རྣམས་ཀྱི་དབང་ཁྲིད་ལུང་བཅས་ཀྱིས་སྐྱེ་འགྲོ་ཕན་བདེའི་ལམ་ལ་བཀོད། འཇམ་མགོན་ངག་དབང་ལེགས་གྲུབ། ཀུན་དགའ་བསྟན་པའི་བློ་གྲོས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་ཞལ་སློབ་ཁྱད་འཕགས་མང་དུ་བྱོན། མུས་སྟག་མོ་གླིང་ཁར་སྐུ་ཚེ་དང་སྒྲུབ་པ་མཐར་ཕྱིན། སྐུ་ཚེའི་མཇུག་ཏུ་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་བཟུང་སྟེ། ཞིང་གཞན་དུ་གཤེགས་ཁར་བྱེ་རུའི་ཐེམ་སྐས་བཙུགས་པ་དང༌། མཁའ་འགྲོས་བསུ་བར་མཛད་པ་སོགས་དག་སྣང་བསམ་གྱིས་མི་ཁྱབ་པ་ཤར་བ་དང༌། ཡོངས་འཛིན་པཎྜི་ཏས་ལུང་བསྟན་སྩལ་བ་སྒོ་ཀུན་ནས་འགྲིག་ཅིང༌། རྣམ་ཐར་བླ་ན་མེད་པ་མངའ་བའི་བཤེས་གཉེན་མཆོག་གོ།
༈ གདན་རབས་ལྔ་བཅུ་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ནི། རབ་བྱུང་བཅུ་གསུམ་པའི་ནང་གསེས་ས་མོ་བྱའི་ལོར་བྲང་ཏི་མཁས་པའི་རིགས་སུ་སྐུ་འཁྲུངས། སྐུ་ཆུང་ངུ་ནས་ཐེག་ཆེན་གྱི་རིགས་སད་པས་བསྐུལ་ཏེ་ཨེ་ཝྃ་ཐར་པ་རྩེར་ཕེབ། འདོན་ཆོག་དང༌། རྒྱུད་ཆུང་བཞི་སོགས་ཐུགས་འཛིན་མཛད། བྱམས་པ་བསོད་ནམས་དཔལ་འབྱོར་གྱིས་མཁན་པོ་དང༌། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་ལས་སློབ་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་གསུམ་རིམ་ནོས་ཀྱི་བསྙེན་པར་རྫོགས། རང་ཉིད་ཀྱི་གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དུ་མ་ལས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང༌། རྗེས་གནང༌། རིག་གཏད་སོགས་དུ་མ་དང༌། བེའུ་བུམ། བཀའ་འབུམ་སོགས་རྒྱ་ཆེར་གསན། ཀྱེ་རྡོར་གཞི་བསྙེན་སོགས་སྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས། ཁྱད་པར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གཙོས་ཆག་མེད་རྣམ་བཞི་གསན་ནས་ཐུགས་དམ་གྱི་མཐིལ་མཛད་པས་ཟབ་གསལ་དབྱེར་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར།