བྱམས་པ་དཔལ་ལྡན་བཟང་པོའི་གདན་ཚབ་ཏུ་འོག་མིན་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཁྲི་ལ་མངའ་གསོལ་ཏེ། སྡོམ་པ་གསུམ་དང༌། དགེས་པ་རྡོ་རྗེའི་ཟབ་ཁྲིད་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སོགས་གང་ལ་གང་འདོད་ཀྱི་སྨིན་གྲོལ་བསམ་གྱིས་མི་ཁྱབ་པ་སྩལ་ནས་གདུལ་བྱ་རིགས་ཅན་སྣ་ཚོགས་སྲིད་པའི་མཚོ་ལས་བསྒྲལ་ཏེ་ཐར་པའི་གྲོང་ཁྱེར་མཆོག་ཏུ་དཀྲི་བ་དང༌། ཁྱད་པར་གསུང་ལས་སྐྱེས་པའི་ཐུགས་སྲས། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དཔོན་སློབ་ངག་དབང་ལེགས་གྲུབ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་དུ་མ་བྱོན། གདན་ཚབ་ཏུ་ངག་དབང་བློ་གྲོས་བསྟན་འཛིན་མངའ་གསོལ་ཏེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མཆོད་གནས་སུ་བྱོན་པས་འབྲེལ་ཚད་དོན་ལྡན་དུ་མཛད། ལྷུན་གྲུབ་སྟེང་དུ་ས་སྐྱ་པའི་ཟབ་ཆོས་རྣམས་ལྷུག་པར་སྩལ། རྨད་ཤོད་ཧ་ལར་རྡོ་ལ་མ་ཎི་ཕྱག་མཛུབ་ཀྱིས་བྲིས་པ་སོགས་གྲུབ་པའི་རྣམ་ཐར་བློ་འདས་སུ་སྟོན། སླར་དབུས་གཙང་དག་པའི་ཞིང་དུ་བཏེག །མཆོད་པའི་སྤྲིན་ཕུང་འབྱམས་ཀླས་པར་སྤྲོས། དེ་ནས་བཟུང་ཐུགས་དམ་ལ་རྩེ་གཅིག་ཏུ་བརྩོན་པས་དགུང་གྲངས་དོན་དྲུག་པ་ལ་སྐུ་ཚེ་དང་སྒྲུབ་པ་མཉམ། ཤིང་བྱི་ཧོར་ཟླ་གཉིས་པའི་ཚེས་ལ་རྡོ་རྗེ་རྣལ་འབྱོར་མའི་འཕོ་བའི་སྒོ་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། དགོངས་རྫོགས་རིགས་བླ་བྲང་ཆེན་པོས་སྔར་ལམ་ལྟར་མཐར་ཕྱིན་པར་མཛད་དོ། །འདི་ཉིད་ཀྱི་རྣམ་ཐར་རྒྱས་པའང་ཐར་རྩེ་རྡོ་རྗེ་འཆང་གིས་མཛད་པ་ལས་རྟོགས་པར་བྱའོ།། །།
༈ གདན་རབས་ང་གཅིག་པ་ཁང་སར་མཁན་པོ་ངག་དབང་བློ་གྲོས་བསྟན་འཛིན་ནི། ངག་དབང་བློ་གྲོས་བཟང་པོའི་དབོན་རིགས་སུ་འཁྲུངས། ཕུན་ཚོགས་ཁང་སར་ཞབས་དྲུང་གི་གོ་སར་བཞུགས་ནས་རིགས་རུས་ཀྱིས་དྲེགས་པ་འགོ་བའི་ནད་བཞིན་སྤངས་ཏེ། བྱམས་པ་ཀུན་དགའ་བསྟན་འཛིན། ངག་དབང་བློ་གྲོས་བཟང་པོ། ཡོངས་འཛིན་པཎྜི་ཏ། བྱམས་པ་དཔལ་ལྡན་བཟང་པོ་རྣམས་རྩ་བའི་རིགས་བདག་ཏུ་བསྟེན་ནས་ཐེག་གསུམ་ཆོས་ཀྱི་སྙིང་པོ་སྡོམ་པ་གསུམ་ལམ་འབྲས་ཆེ་ཆུང་གཙོས་ས་ངོར་གྱི་ཡབ་ཆོས་རྒྱ་མཚོ་ཙམ་གསན་སྦྱང་མཛད་ཅིང་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། ཨཥྟཱ་གཞི་བསྙེན་སོགས་སྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས། རྣལ་འབྱོར་འཇམ་དཔལ་བཟང་པོའི་བཀའི་ཅོད་པན་གཙུག་ཏུ་མཆོད་ནས། རྒྱལ་བ་རྡོ་རྗེ་འཆང་གི་ཆོས་ཁྲིར་ཕེབ། སྡོམ་པ་གསུམ་གསུང་ངག་རིན་པོ་ཆེ་ཆ་ལག་དང་བཅས་པའི་ཆོས་འཁོར་ཡུན་རིང་དུ་བསྐོར་བས་འོས་སུ་གྱུར་པའི་གདུལ་བྱ་རྣམས་སྨིན་པར་མཛད། འཇམ་མགོན་ངག་དབང་ལེགས་གྲུབ། དཔོན་སློབ་ངག་དབང་དགེ་ལེགས། འཇམ་དབྱངས་ཤེས་རབ་རྒྱ་མཚོ་སོགས་གསུང་ལས་སྐྱེས་པའི་སློབ་ཚོགས་མང་དུ་འཕེལ་བ་སོགས་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞིག་གོ།
༈ གདན་རབས་ང་གཉིས་པ་ཕན་ཁང་མཁན་པོ་ཀུན་དགའ་བསྟན་པའི་བློ་གྲོས་ནི། ཨེ་ཝྃ་ཆོས་ལྡན་གྱི་རྒྱབ་ཕྱོགས་སུ་རྟོགས་ལྡན་དགོན་བཀྲ་ཤིས་ཆོས་ལྡིང་གྲགས་པ་ན། དཔའ་བོ་ཧཱུྃ་རི་པའི་བརྒྱུད་ཡབ་ཀུན་བཟང་པདྨ་རིག་འཛིན། ཡུམ་གང་ལེགས་བུ་ཁྲིད་གཉིས་ཀྱི་སྲས་སུ་ཆུ་རྟ་ལོར་སྐུ་འཁྲུངས། འཆི་མེད་བསྟན་པའི་ཉི་མས་དཔལ་ལྡན་ཆོས་སྐྱོང་གི་དབོན་རིན་ཆེན་ཆོས་མཛད་ཀྱི་སྐུ་སྐྱེ་ཡིན་ཚུལ་གྱི་ལུང་བསྟན་སྩལ། རང་ཉིད་ཀྱིས་ཀྱང་སྔོན་གནས་རྗེས་དྲན་གྱི་ཞལ་བཞེས་མཛད། བགྲང་བྱ་དགུའི་ཐོག་ཕན་བདེ་བླ་བྲང་དུ་བྱོན། བྱམས་པ་དཔལ་ལྡན་བཟང་པོ་ལས་ཟབ་ཆོས་འགའ་ཞིག་གསན། ཆོས་སྤྱོད་ཆོ་ག་སོགས་བསླབ་སྦྱང་བགྱིས་པས་རིག་པའི་ཕུལ་ཕྱིན། རྣལ་འབྱོར་འཇམ་དཔལ་བཟང་པོ་ལས་སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེའི་ཆོས་སྐོར་རྣམས་ཞུས་ནས་རྩ་བའི་རིགས་བདག་ཏུ་འཛིན། རྒྱུད་ཆུང་བཞི་སོགས་བསླབ་སྦྱང་མཛད། གཞི་བསྙེན་སོགས་མཐར་ཕྱིན་ནས་གདུལ་བྱའི་དོན་དུ་ཁམས་སྒ་ཁོག་ཏུ་ཕེབ་ནས་སློབ་ཚོགས་བགྲང་ཡས་སྨིན་གྲོལ་ལ་བཀོད། སླར་དགུང་ལོ་ཉེར་ལྔ་ལ་ངོར་དུ་ཕེབ། མཆོད་སྤྲིན་རྒྱ་མཚོ་མངོན་པར་སྤྲུལ་པས་ཚོགས་གཉིས་རྒྱ་ཆེར་སྤེལ་བ་སྔོན་དུ་བསྒྲུབས་ནས། ཉེར་བདུན་ནས་སོ་གཅིག་བར་མཁན་པོའི་ལས་ཁུར་བཞེས།