བྱམས་པ་ཀུན་དགའ་བསྟན་འཛིན་མཆེད་ཞལ། ཡོངས་འཛིན་པཎྜི་ཏ་འཇམ་མགོན་ངག་དབང་ལེགས་གྲུབ་སོགས་ལས་ཀྱེ་རྡོར་བཀའ་བབས་བཞི་སོགས་ཟབ་ཆོས་རྒྱ་མཚོ་ལྟ་བུར་གསན། བླ་བྲང་རྩིས་བཞེས་སྐོར་ཐར་རྩེ་ལ་ཕུལ་ནས། མདོ་ཁམས་སུ་བྱོན། སྒ་ལྡན་གཉིས་དང་ཁྱད་པར་སྡེ་དགེ་ཆོས་རྒྱལ་སོགས་སྐྱེ་རྒུ་ཆེ་ཕྲ་རྣམས་ཀྱི་མཆོད་གནས་མཛད། ཉག་རང་དམག་ཟིང་སྐབས་བསམ་གཏན་གྱི་ཚེར་མ་ཆེན་པོ་བྱུང་ཡང༌། ཏིང་ངེ་འཛིན་སྟོབས་ཀྱིས་བར་ཆད་ཀྱི་གཡུལ་ལས་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དྲུང་ནས་མཁའ་སྤྱོད་སྐོར། ཀྱེ་རྡོར་རྒྱུད་བཤད་སོགས་གསན། མཁས་གྲུབ་ཀུན་དགའ་དཔལ་ལྡན་དྲུང་ནས་གསུང་ངག་སློབ་བཤད། རྭ་ཁྲིད། མགོན་པོ་ཆེ་ཆུང་གི་པོད་ས་ངོར་ཚར་གསུམ་གྱི་སྙན་བརྒྱུད་ཡོད་དོ་ཅོག་བུམ་པ་གང་བྱོའི་ཚུལ་དུ་གསན། སྐུ་ཆུང་ངུ་ནས་དངོས་སམ་རྨི་ལམ་དུ་ཡི་དམ་ཆོས་སྐྱོང་མང་པོས་ཞལ་གཟིགས། སྐུ་ཚེའི་སྨད་དུ་སྒ་ཐག་ལུང་དགོན་དང་ཉེ་བའི་བཀའ་འགྱུར་སྒར་ཞེས་པའི་དབེན་གནས་སུ་སྒྲུབ་པ་ཁོ་ན་ལ་བཞུགས་པས་ཉམས་རྟོགས་ཀྱི་པདྨོ་རབ་ཏུ་བཞད། སྐྱེ་རྒུ་དོན་གླིང་སོགས་སུ་གསུང་ངག་སློབ་བཤད། མགོན་པོ་ཆེ་ཆུང་སོགས་ཆོས་འཁོར་བླ་ན་མེད་པ་བསྐོར། རྗེ་བཙུན་རྟ་མགྲིན་དབང་མོ། མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན། དཔལ་ལྡན་བློ་གྲོས་རྒྱལ་མཚན། ངག་དབང་བསྟན་པའི་རྒྱལ་མཚན། སྡེ་དགེ་ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སོགས་སློབ་ཚོགས་མཐའ་ཡས་པ་སྤེལ། རྗེ་ཉིད་དགུང་གྲངས་རེ་གསུམ་བཞེས་པ་ཤིང་སྤྲེལ་ལོ་ཧོར་ཟླ་དགུ་པའི་ཚེས་བཅུ་བཞིའི་ཐོ་རེངས་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་རྒྱས་པ་མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ལས་ཤེས་པར་བྱའོ །།
༈ གདན་རབས་ང་གསུམ་པ་བདག་ཅག་གི་རྩ་བའི་ཡོངས་འཛིན་ངེས་པར་དོན་གྱི་ཐམས་ཅད་མཁྱེན་པ་ཐར་རྩེའི་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་བཅུ་བཞི་པ་ས་གླང་ལོར་བྲང་ཏི་མཁས་པའི་རིགས་སུ་ངོ་མཚར་བའི་ལྟས་དང་བཅས་མཚན་དཔེའི་མེ་ཏོག་གསར་དུ་བཞད། གཞོན་ནུའི་དུས་ནས་སེམས་ཅན་བསད་པའི་ཤ་ཁྲག་གཟིགས་པ་ཙམ་གྱིས་སྙིང་རྗེ་ཆེན་པོས་སྤྱན་ཆབ་བསིལ་བ་དང༌། དབེན་པའི་གནས་ལ་ཆེས་དགའ་བ། དབང་བསྐུར་ཆོས་འཆད་ལ་སོགས་པ་དམ་པའི་བག་ཆགས་འདོར་མི་བཟོད་པ། རབ་ཏུ་བྱུང་བའི་ཕྱོགས་ལ་ཐུགས་ལྷག་པར་གཞོལ་བས་དགུང་ལོ་བཞི་པར་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཕེབ། ཡི་གེའི་མ་མོ་ནས་བརྩམས་ཏེ་ཨེ་ཝྃ་པའི་འདོན་ཚོགས། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་འཛིན་གནང་བར་དུས་ཐུང་ངུས་དཀའ་བ་མེད་པར་ཁོང་དུ་ཆུད། འཁོར་བའི་ཕུན་ཚོགས་ལ་ཞེན་ལོག་གི་ངེས་འབྱུང་དྲག་པོས་བརྟན་མཁས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཁུ་བོ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་མཁན་པོ་དང༌། རྣལ་འབྱོར་འཇམ་དཔལ་བཟང་པོས་ལས་ཀྱི་སློབ་དཔོན་སོགས་ཀྱི་ཞལ་སྔ་ནས་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། གནང་བཀག་གི་བསླབ་གཞི་ཕྲ་རགས་ཐམས་ཅད་སྤྱན་འབྲས་བཞིན་བསྲུང་མཚམས་ལས་མི་འདའ། ཐེག་པ་ཆེན་པོའི་སེམས་བསྐྱེད་སྲོལ་གསུམ་གྱི་སྡོམ་པ་ཡང་ནས་ཡང་དུ་བཞེས། ཇོ་བོ་བཀའ་གདམས་པའི་བཀའ་སྲོལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བའི་གཞུང༌། གདམས་ངག །མན་ངག་གི་སྐོར་བཞུགས་སོ་ཅོག་གསན་ཅིང་ཐུགས་དམ་གྱི་མཐིལ་དུ་མཛད། མཁན་ཆེན་རྡོ་རྗེ་འཆང་མཆེད་ཞལ་སོགས་ལས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ཁྲིད་མན་ངག་གི་སྐོར་བཞུགས་སོ་འཚལ་གསན་པས་ཐུགས་རྒྱུད་ཡོངས་སུ་གཏམས་པ་སོགས་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར། ཉི་ཟླ་ལྟ་བུ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང༌། འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་རྣམ་པ་གཉིས་ལས་སྒྲ་ཚད། །སྙན་ངག །སྡེབ་སྦྱོར། མངོན་བརྗོད། གསོ་རིག་སོགས་ཕྱིའི་རིག་པ་ཆ་ལག་དང་བཅས་པ་གསན་པས་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཞེས་གྲགས་པའི་རྒྱུད་མངས་སྲིད་པའི་རྩེ་མོར་བསྒྲེངས།