R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
བཀའ་འགྱུར་རོ་ཅོག་དང་བསྟན་བཅོས་ལུང་བཞུགས་ཚད། དུས་འཁོར། བརྟག་གཉིས། མཚན་བརྗོད་སོགས་རྒྱུད་ཀྱི་བཤད་བཀའ་གྲགས་ཆེན་བཅོ་བརྒྱད་སོགས་དང༌། བཀའ་གདམས་གསར་རྙིང་གི་གདམས་ངག་གཞུང་བེའུ་བུམ་གྱི་རིགས་དུ་མ་གསན་པས་མདོ་སྔགས་ཀྱི་གླེགས་བམ་གཅིག་པུར་གྱུར། དེ་ལྟར་གསན་པ་ཙམ་དུ་མ་ཟད་ཉིན་མཚན་ཁོར་ཡུག་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མཐའ་དག་ལ་གཟིགས་རྟོག་རྒྱུན་མི་འཆད་པར་མཛད་པས་གྲུབ་མཐའ་རང་རང་གི་ལྟ་སྒོམ་གྱི་བཞེད་ཚུལ། ཕྱག་བཞེས་ཀྱི་སྤྱོད་པ། མན་ངག་གི་གནད་གསང༌། གྲུབ་མཐའི་ཁས་ལེན། གཞི་ལམ་འབྲས་བུའི་རྣམ་གཞག་ལ་སོགས་པ་མ་འདྲེས་པར་གཟིགས་ཏེ། རྩོད་པ་དང་ཐེ་ཚོམ་གྱི་གནས་ལ་མི་འཇིགས་པའི་སྤོབས་པ་རྙེད་པས་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར། རྡོ་རྗེ་འཆང་མཆེད་ཞལ་ལས་གསུང་ངག་རིན་པོ་ཆེ་ཚོགས་སློབ་ཀྱིས་མཚོན་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་པ་མཐའ་དག་གསན་བསམ་མཐིལ་ཕྱིན་པར་མཛད། དེའང་གསན་ལོ་ཙམ་དུ་མ་བཞག་པར་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་བྱང་ཆུབ། འཆད་རྩོད་རྩོམ་གསུམ་གྱི་སྐབས་མ་གཏོགས་ཐུན་བཞིའི་རྣལ་འབྱོར་ལས་ནམ་ཡང་མི་འདའ་བའི་ཚུལ་གྱིས་ཉམས་སུ་བླངས་པས་རིམ་གཉིས་ཀྱི་དྲོད་རྟགས་མངོན་དུ་གྱུར། ཆོས་ཉིད་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྗེན་པར་གཟིགས། ཆོས་ཅན་གྱི་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་ཤར། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱིས་བྲན་བཞིན་དུ་བྱ་བ་བྱེད། གསུང་ངག་ཚོགས་བཤད་ཚར་བརྒྱད། སློབ་བཤད་ཚར་ལྔ་གཙོས་པའི་ཟབ་ཁྲིད། གཞན་ཡང་ཁྲིད་བརྒྱ། རང་ལུགས་ཀྱི་ཁྲིད་ཆེན་བརྒྱད། ལམ་རིམ་དང་བློ་སྦྱོང་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྲིད་རིམ་མང་པོ། ངོར་དཀྱིལ་བདུན་ལན་གྲངས། རྡོ་རྗེ་ཕྲེང་བ། སྦྱོང་རྒྱུད་ཚར་གཉིས། ཟུར་བཀའི་རིགས་མཐའ་ཀླས་པ་སོགས་ཀྱི་དབང་བཀའ་དཔག་ཏུ་མེད་པ། སྒྲུབ་ཐབས་རྒྱ་མཚོ་ཚར་གསུམ་གྱིས་གཙོས་པའི་རྗེས་གནང་གི་རིགས་ཤིན་ཏུ་མང་བ། གཞུང་ལུགས་རྣམས་ཀྱི་བཤད་བཀའ། ཐུན་མོང་སྒྲ་སྙན་སོགས་ཀྱི་ཕྱག་ཁྲིད། བསྟན་འགྱུར་དང༌། བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་འབུམ་གཙོས་བཀའ་འབུམ་བེའུ་བུམ་གྱི་རིགས་ཏེ་རྒྱབ་བརྟེན་ལུང་གི་སྐོར་བགྲང་བ་ལས་འདས་པ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཀའ་འཆད་སྤེལ་ལ་རྟག་ཏུ་གཞོལ། རྨད་དུ་བྱུང་བའི་གསུང་རྩོམ་གྱི་རིགས་ཀྱང་པུསྟ་ཀ་ལྔ་ཙམ་བཞུགས། གངས་ཅན་གྱི་ལྗོངས་འདིར་བཞུགས་སོ་འཚལ་གྱི་རྒྱུད་སྡེ་རིན་པོ་ཆེའི་ཤིང་རྟའི་སྲོལ་ཆེན་པོ་བཏོད། གསུང་ལས་སྐྱེས་པའི་བསྟན་འཛིན་གྱི་སློབ་མའང་མཁས་ཤིང་དངོས་གྲུབ་བརྙེས་པ་མང་དུ་བྱོན་ཅིང༌། དེ་དག་ལས་གྱེས་པའི་དངོས་སློབ་དང་ཉིང་སློབ་ཀྱི་ཚོགས་བགྲང་དུ་མེད་པར་བྱོན་པས་དེང་སང་གི་སྐབས་འདིར་ས་ཆེན་པོ་འདི་ཡོངས་སུ་གང་སྟེ། ཐམས་ཅད་ཀྱིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་སྤེལ་ཞིང་སྐྱེ་རྒུ་མ་ལུས་པ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་མཐོན་པོར་སྦྱོར་བ་ལ་ཆེད་དུ་བརྩོན་པར་ལྷུར་བཞེས་པ་ཤ་སྟག་གོ །ཁྱད་པར་གསུང་ངག་སློབ་བཤད་ཀྱི་བསྟན་པ་གཏོད་ཅིང་ཐུགས་ཀྱི་སྲས་སུ་གྱུར་པ་ནི། ཁང་སར་མཁན་ཆེན་འཇམ་པའི་དབྱངས་ངག་དབང་བསོད་ནམས་རྒྱལ་མཚན་དང༌། མཁན་ཆེན་སྨྲ་བའི་ཉི་མ་འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཕན་ཁང་མཁན་རིན་པོ་ཆེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་ལྡན་བློ་གྲོས་རྒྱལ་མཚན། སྐུའི་གཉེན་དུ་གྱུར་ཅིང་སྐུ་ཚེ་རིལ་པོར་མཉེས་པ་གསུམ་གྱིས་སྲི་ཞུ་སྒྲུབ་པ་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། སྨྲ་བའི་ཁྱུ་མཆོག་ཆབ་མདོ་རྒྱ་སྤྲུལ་རིན་པོ་ཆེ་འཕགས་མཆོག་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་དབང་ཕྱུག །ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བསྟན་འཛིན་གྱི་སྐྱེས་བུ་རི་ཟུར་བླ་མ་རིན་ཆེན་བློ་བཟང་མཁྱེན་རབ། མངའ་རི་ཆོས་རྗེ་སྙན་བརྒྱུད་བསྟན་པའི་སྲོག་ཤིང་ཀུན་དགའ་འཇམ་དབྱངས། གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་འཇིགས་མེད་དཔལ་ལྡན་གཙོས་སྔ་ཕྱིར་མཁས་པའི་གཙུག་རྒྱན། གྲུབ་པའི་ཁྱུ་མཆོག་བརྒྱ་སྐོར་ཙམ་དང༌། ལུགས་གཉིས་ཀྱི་ཐ་ཤལ་བ་བདག་ལྟ་བུའང་སྐལ་བ་བཟང་པོའི་གྲལ་མཐར་ཚུད་པ་སྟེ།