R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
མཁན་ཆེན་དེ་ཉིད་ཀྱི་མདུན་ནས་གསུང་ངག་རིན་པོ་ཆེ་སློབ་བཤད། ཁྲིད་ཡིག་གཉིས་ཀྱི་སྟེང་ནས་གསུང་བཤད་ཞིབ་རྒྱས་དང༌། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རིག་ཐོག་ནས་ངོ་སྤྲོད་དེ་བརྡར་ཤ་ཆོད་ངེས་སོགས་དབང་ཁྲིད་བྱིན་རླབས་རྗེས་གནང་ལུང་བཅས་ཚང་ཕྲུགས་དང༌། ངོར་ལུགས་དཀྱིལ་འཁོར་བདུན་དང་རྡོར་ཕྲེང་སོགས་སྤྱི་ཟུར་གྱི་དབང་རྒྱུན་ངོར་པ་རང་ལ་ཞུགས་སོ་ཅོག་དང༌། སྒྲུབ་ཐབས་བརྒྱ་རྒྱམ་སོགས་རྗེས་གནང་རིག་གཏད་ཀྱི་བཀའ་ཤིན་ཏུ་མང་པོ། ངོར་པའི་ཁྲིད་ཆེན་བརྒྱད་དང༌། ཇོ་ནང་ཁྲིད་བརྒྱ། བློ་སྦྱོང་སོགས་ཁྲིད་ཡིག་ཤིན་ཏུ་མང་པོ། བསྟན་འགྱུར་དང༌། ས་ངོར་བཀའ་འབུམ་གཙོས་རང་ལུགས་ཀྱི་གསུང་འབུམ་བཞུགས་ཚད། དམར་པོ་སྐོར་གསུམ། མགོན་པོ་ཆེ་ཆུང་སོགས་ཀྱི་བེའུ་བུམ་བཞུགས་སོ་ཅོག་གསན། ཀྱེ་རྡོར་གཞི་བསྙེན་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན། ཁྱད་པར་རྡོ་རྗེ་དབྱངས་ཅན་མ་དཀར་མོ་བསྒྲུབས་པས་མཁྱེན་རབ་ཀྱི་རྩལ་རྫོགས་པས་མདོ་སྔགས་རིག་གནས་དང་བཅས་པ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད། ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་དེ་བགྲང་བྱ་བརྒྱད་ཙམ་རིང་ལ། སྟོད་མངའ་རི་ནས། སྨད་རྒྱ་མཚམས་ཡན་གྱི་སྐལ་ལྡན་གྱི་སློབ་མ་ཉི་ཟེར་གྱི་རྡུལ་ལྟར་ལྷགས་པ་རྣམས་ལ་གསུང་ངག་རིན་པོ་ཆེས་གཙོས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་སྦྱངས་སྨིན་གྱི་ས་བོན་ཁྱད་པར་ཅན་ཐེབས་པར་མཛད། མཁན་ཆེན་འཇམ་དབྱངས་ཤེས་རབ་རྒྱ་མཚོ་རྒྱལ་ཚབ་ཏུ་མངའ་གསོལ་ཏེ། ཆེན་པོ་གླིང་བར་དང༌། སྡེ་དགེ་ཆོས་རྒྱལ་ཆེན་པོའི་མཆོད་གནས་སུ་མ་ཧཱ་བྷོ་ཊའི་ལྗོངས་འདིར་ཆིབས་ཀྱི་ཁ་ལོ་བསྒྱུར། སྡེ་དགེ་ཆོས་རྒྱལ་ཉིད་ཀྱིས་གཙོས་ལྷུན་གྲུབ་སྟེང་གི་བླ་མ་ལས་སྣེ་སོགས་ཀྱིས་བསུ་བའི་བཀོད་པ་བཅས་སྒྲུབ་ཁང་ཀུན་ཁྱབ་གླིང་གི་སེང་ཁྲིར་བཞུགས་གདན་འཇགས། རིམ་གྱིས་ཆོས་རྒྱལ་ཆེན་པོ་ལྟོས་བཅས་བློ་གྲོས་དང་ལྡན་པ་རྣམས་ལ་བསྟན་བཅོས་སྡོམ་གསུམ་རབ་དབྱེའི་གསུང་བཤད་མཐའ་དཔྱོད་དང་བཅས་པ་དང༌། གསུང་ངག་རིན་པོ་ཆེ་ཐུན་མོང་མ་ཡིན་པའི་སློབ་བཤད་ཐར་རྩེ་རྡོ་རྗེ་འཆང་གི་ཕྱག་བཞེས་ཇི་ལྟ་བ་ཁྲིད་ཡིག་གཉིས་ཀའི་སྟེང་ནས་གསུང་བཤད་ཤིན་ཏུ་རྒྱས་པ་དང༌། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རིག་ཐོག་ནས་ངོ་སྤྲོད་པ་སོགས་དབང་ཁྲིད་བྱིན་རླབས་ལུང་བཅས་ཚང་སྤྲུགས་སུ་སྩལ། འཇམ་མགོན་མཁྱེན་བརྩེའི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་བཀའ་ཡོངས་རྫོགས་དང༌། གཞན་ཡང་གསར་རྙིང་གི་ཆོས་བཀའ་ཤིན་ཏུ་མང་པོ་གསན། ཐུབ་བསྟན་ཆོས་ཀྱི་གྲགས་པ་ལས། འདུལ་བ་མདོ་རྩའི་གཞུང་བཤད་དང༌། བླ་མ་ཤེས་རབ་ལས་སྤྱོད་འཇུག །འཇམ་མགོན་བློ་གྲོས་མཐའ་ཡས་ལས་ཤེས་བྱ་ཀུན་ཁྱབ་སོགས་གཞུང་བཤད་རིགས་དུ་མ་གསན། སྔ་ཕྱིར་ས་ངོར་དགོན་ཁག་རྣམས་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལྷུག་པར་སྩལ། ལྷུན་གྲུབ་སྟེང་གི་དབྱར་གནས་ཚོགས་དབུར་ཕེབ་སྟེ་སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་གསུང་བཤད་དཔྱིས་ཕྱིན་པར་མཛད། གསུང་རྩོམ་གྱི་རིགས་ཀྱང་སྙན་ངག་དཔེར་བརྗོད་ཉམས་འགྱུར་ཕུན་སུམ་ཚོགས་པ། ལམ་དབང་སོགས་ཆོག་བསྒྲིགས་མང་པོ། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཉམས་མགུར་དུ་བཞེས་པ། ཆབ་ཤོག་དང༌། དགོན་སྡེ་སོ་སོར་བསླབ་བྱའི་བཅའ་ཡིག །སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་གྱི་རང་འགྲེལ་མཇུག་རྩོམ་འཕྲོར་ལུས་པའི་ཁ་སྐོང༌། ས་གཞུང་སྦྲགས་མ། གཞི་གསུམ་གསལ་བྱེད། དུས་འཁོར་དབང་ཆོག་གསལ་བྱེད། སྨྱུང་གནས་ལ་གཤིན་པོ་རྗེས་འཛིན་སྦྱར་ཆོག །ཆོས་སྐྱོང་གི་བསྐང་བ་རིགས་མང་པོ། སྨན་བླའི་མདོ་ཆོག་སོགས་ཆོ་ག་ཚན་མང་བཅས་གསུང་འབུམ་རྨད་དུ་བྱུང་བའི་ལེགས་བཤད་པུསྟ་ཀཿགཉིས་ཙམ་བཞུགས། རྗེ་མཁྱེན་རྩེའི་ཞལ་ནས། ཕྱིས་ཀྱི་མཁན་ཆེན་ཞིག་ལ་རྗེ་འདིར་པཎྜི་ཏའི་མཚན་གསོལ་ནའང་ཆོག་གསུངས། ཉག་དགྲས་བརླག་ཤུལ་རང་ལུགས་ཀྱི་ཆོས་སྡེ་ཉམ་ཐག་མང་པོར་ལུགས་གཉིས་ཀྱི་སྒོ་ནས་ཉམས་གསོ་མཛད་དེ་བསྟན་པའི་སྲོག་མཐུད་པས་ད་ལྟ་རང་ལུགས་དགོན་སྡེ་རྣམས་ཀྱི་མཚན་ཆགས་པ་འདིའང་རྗེ་འདི་ཁོ་ནའི་བཀའ་དྲིན་དུ་ངེས།