དེ་རྣམས་ཀྱི་ནང་ནས་འགའ་ཞིག་ནི་བསྒོམས་པས་གྲུབ་འབྲས་མངོན་དུ་གྱུར་ལ། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་ནི་སློབ་བཤད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་གསལ་བར་མཛད་དོ། །དུས་དེ་ཙམ་ན་སྟོད་མངའ་རི་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་སའི་ཆ་ཐམས་ཅད་ཞལ་སློབ་ཀྱིས་གང་བ་རྣམས་ཀྱིས་ནི་ཨེ་མ་བདག་ཅགས་ལ་སངས་རྒྱས་དངོས་སུ་བྱོན་པ་ལྟ་བུའི་ཞལ་གྱི་བདུད་རྩི་མྱོང་བ་འདི་ལྟ་བུ་ནི་སྔོན་བཅོམ་ལྡན་འདས་ཀྱི་འཁོར་ལྔ་སྡེ་བཟང་པོ་དང་འདྲ་བས་ཨ་ལ་ལའོ་ཞེས་པའི་སྒྲས་ཕྱོགས་ཀྱི་ཁོར་ཡུག་འགེངས་པ་ཙམ་དུ་གྱུར་ཏོ། །དེ་ལྟར་སྐུ་ཚེ་རིལ་པོར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་སྤེལ་ཏེ། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང༌། འཇིག་རྟེན་གྱི་ཁམས་གཞན་གྱི་གདུལ་བར་བྱ་བ་རྣམས་དུས་ལ་བབ་པར་གཟིགས་ནས་དགུང་གྲངས་ཞེ་གཉིས་བཞེས་པ་ལྕགས་རྟ་ཟླ་བ་དགུ་པ་ཕྱི་མའི་ཚེས་བཞིའི་ཉི་དྲོས་སུ་བླ་མ་རིན་ཆེན་འབྱུང་ལྡན་གྱི་སྟབས་སུ་བཞུགས་ཏེ། དབང་བཞིའི་བརྡ་ཐུན་མོང་མ་ཡིན་པ་རྣམས་མཁའ་འགྲོ་མར་བསྟན་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཤིང༌། དེའི་མོད་ལ་ཞལ་གྱི་དཀྱིལ་འཁོར་སྔར་ལས་གསལ་ཞིང་སྐུ་ལུས་གཟི་བརྗིད་དང་ལྡན་པ་སོགས་བླ་ན་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པའི་གང་ཟག་རྣམས་ཀྱི་དབང་པོ་ཡོངས་སུ་གསལ་ཞིང་བཞིན་གྱི་མདོག་ནི་དག་ལ། པགས་པའི་མདོག་ནི་དཀར་བ་ལ་སོགས་པ་སྔར་ལས་གནས་ཡོངས་སུ་འགྱུར་བར་གསུངས་པ་དང་ཚུལ་མཚུངས་པར་གྱུར་ཏོ། །གློ་བུར་དུ་ཆར་ཟིམ་བུའི་རྒྱུན་དང༌། འཇའ་སྤྲིན་ངོ་མཚར་བ་མང་པོ། ཁྱད་པར་ཤར་ཕྱོགས་ནས་མཆོད་རྟེན་གྱི་དབྱིབས་ཅན་གྱི་སྤྲིན་བྱུང༌། ཚེས་བརྒྱད་ཀྱི་སྔ་དྲོར་ཞིབ་ཏུ་མཇལ་བ་ན་ཤངས་བུག་གཉིས་ནས་བྱང་སེམས་དཀར་པོ་བབས་པས་སྐུ་ལུས་ཐམས་ཅད་ཁྱབ་པ་ནི་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ལས་སླར་ཡང་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བའི་རྟགས་སུ་མངོན་ནོ། །ཟླ་བ་བཅུ་པའི་ཚེས་ལ་གདུང་ཞུགས་སུ་ཕུལ་བར་མེ་རང་འབར་དུ་གྱུར། དེར་ཡང་མཆོད་རྫས་ཀྱི་དབྱིབས་འདྲ་བའི་འཇའ་སྤྲིན་དང༌། དྲི་བཟང་གིས་ཕྱོགས་ཀུན་ཁྱབ་པ་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངོན་དུ་བསྟན། རྗེས་ཀྱི་དགོངས་རྫོགས་རིགས་སྤྱི་བླ་བྲང་ཆེན་མོའི་སྔར་ལམ་དང་བསྟུན་པ་གཟབས་རྒྱས་ཀྱི་ཚུལ་དུ་ཐུགས་སྲས་འཇམ་དབྱངས་རིན་ཆེན་རྡོ་རྗེ་གཙོས་ལས་འཛིན་རྣམས་ཀྱིས་བཀའ་དྲིན་དྲན་པའི་དད་གུས་ཀྱི་སྒོ་ནས་འབད་རྩོལ་ཆེན་པོས་བསྒྲུབས་ཏེ། དགོངས་པ་རྫོགས་པའི་ཐབས་ཚུལ་སྒོ་ཐམས་ཅད་ནས་ལྷུར་བཞེས་པར་མཛད་དོ།།
༈ གདན་རབས་ང་བཞི་པ་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན་ནི། གཙང་རོང་རྒྱ་སྔོན་ཞེས་པར་ངག་དབང་བློ་གྲོས་བསྟན་འཛིན་གྱི་སྐུའི་དབོན་དུ་མཚན་དཀྱིལ་གསར་དུ་འཆར། སྐུ་ཆུང་ངུ་ནས་དམ་པའི་རིགས་སད་དེ་ངོར་ཁང་སར་དུ་བཞུགས། མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་ལས་སྡོམ་པ་གསུམ་དང་ལམ་འབྲས་སོགས་ཀྱི་བདུད་རྩི་གསོལ། གནང་བཀག་གི་བསླབ་གཞི་རྣམས་གཅེས་སྤྲས་ཀྱིས་བསྲུངས། སློབ་དཔོན་རྡོར་འཛིན་ངག་དབང་དགེ་ལེགས་བསྟེན་ནས་འདོན་ཆོག །རྒྱུད་ཆུང་བཞི་སོགས་ཚེགས་མེད་དུ་མཁྱེན་པས་ཐུགས་རབ་ཤིན་ཏུ་ཆེ་བར་གྲགས། བྱམས་པ་ཀུན་དགའ་བསྟན་འཛིན། རྣལ་འབྱོར་འཇམ་དཔལ་བཟང་པོ། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། ངག་དབང་ལེགས་གྲུབ་སོགས་ཡོངས་འཛིན་དུ་མ་ཞིག་ལས་ཟབ་ཆོས་གསན། ཁྱད་པར་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་ཞབས་པད་ཡུན་རིང་དུ་བསྟེན་ནས་སྙན་ངག་གི་གཞུང་གསན་ཏེ་རྩོམ་རྒྱུག་རྣམས་ཤ་ར་ར་ཕུལ་བས་བྱང་ཆུབ། རྒྱུན་དུ་གསུང་རྩོམ་ཐམས་ཅད་ཐུགས་བསམ་བཞེས་མི་དགོས་པ་ལྟ་བུ་གསུང་སྒོ་ཤིན་ཏུ་ཡངས། མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན། གསན་ལོ་ཙམ་དུ་མ་བཞག་པར་གཞུང་རང་རང་གི་དཀའ་གནད་དོགས་གཅོད། གྲུབ་མཐའི་ཞལ་བཞེས་འཇོག་མཚམས་སོགས་ཀྱི་སྦྱངས་པ་ཕུལ་དུ་སོན།