R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
ཁྲོམ་རྡོ་དགོན་དུ་བདེ་མཆོག་ནག་པོ་པའི་སྒྲུབ་མཆོད་གསར་འཛུགས་སྨིན་གྲོལ་དང༌། རྟེན་ཐེབས་རྒྱ་ཆེར་སྩལ། དེ་ཕྱོགས་ཀྱི་སྐྱེ་རྒུ་མཐའ་དག་ཡང་དག་པའི་ལམ་ལ་བཀོད། ལྷུན་གྲུབ་སྟེང་སོགས་བསྟན་པའི་རྩ་བ་འདུལ་ཁྲིམས་དང་འགལ་བའི་དྲི་མ་དྲུང་ནས་འབྱིན་ཞིང་དག་ཐེར་བསྐྱངས་པ་སོགས་རང་བསྟན་ལ་གཅེས་སྤྲས་མཛད་ཆེས་པས་དུས་དེར་ཡིད་བསྲུབས་སྙིང་ལ་ཞུགས་པ་རེ་ཟུང་གི་བློར་མ་ཤོངས་ཀྱང༌། ད་ལྟར་ཐམས་ཅད་ཀྱིས་བཀའ་དྲིན་ཆེན་པོའི་རྒྱུར་གོ་ནས་དད་པའི་ཀུནྡ་སྙིང་དབུས་སུ་བཞད་པར་གྱུར། ལྷུན་གྲུབ་སྟེང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་རྗེ་མཁྱེན་བརྩེའི་ཕྱག་བཞེས་ཇི་བཞིན་སྩལ། གཞན་ཡང་དབང་ཆོས་ཇི་སྩལ་ཐམས་ཅད་ཐུགས་ཐོག་ནས་ལྗགས་བཤད་ཁོ་ནས་བཀྲོལ། གསུང་ལས་སྐྱེས་པའི་སློབ་མའང༌། འཇམ་དབྱངས་ཤེས་རབ་རྒྱ་མཚོ། ངག་དབང་བློ་གྲོས་སྙིང་པོ། མཁན་ཆེན་པདྨ་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་གྲགས་པ། དགེ་བཤེས་ཕན་བདེ་བཟང་པོ། དབོན་གཞན་ཕན་ཀུན་དགའ། གདོང་ཐོག་སྤྲུལ་སྐུ། མངའ་རི་ཆོས་རྗེ། ལྷུན་གྲུབ་སྟེང་ཤར་ནུབ་ཆོས་རྗེ་གསར་རྙིང༌། ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སོགས་མཁས་བཙུན་གྲུབ་པའི་ཁྱུ་མཆོག་གྲངས་མང༌། བགྲང་བྱ་བརྒྱད་ཙམ་ལ་འབྲེལ་ཚད་དོན་ལྡན་དུ་མཛད་ཅིང༌། སླར་གདན་སར་བཏེག་པ་ན་ཕྱག་རྫས་ཆེས་ཕྲ་བར་གྱུར་པའང་དད་རྫས་བྱུང་རིམ་བཞིན་སྤོང་དག་ཏུ་བསྟན་འགྲོའི་དོན་ཁོ་ནར་སྨིན་པས་བདག་འཛིན་གྱིས་འཁྲི་བའི་དྲི་མ་གཏན་བྲལ་དུ་གྱུར་པ་གོར་མ་ཆག །སྐྱེ་རྒུ་དོན་གླིང་དུ་འདུལ་བ་གཞི་གསུམ་གྱི་རྟེན་ཐེབས་སྩལ། དབུས་གཙང་དུ་མཆོད་འབུལ་སྤྲོས་ཏེ་གདན་སར་འཇག །ལོ་གཉིས་ཙམ་ལ་བཤད་སྒྲུབ་འཁོར་ལོ་གཉིས་ཀྱིས་དུས་འདས། བསྟན་གེགས་དབང་བླ་ཁག་ཡར་མར་ཟློས་གཞི་བྱུང་བས་ཐུག་ཕྱུང་སྟེ། ཀྱི་རོང་ཇོ་བོ་ཝ་ཏི་བཟང་པོའི་དྲུང་དུ་བཞུད། དེར་འདུལ་བ་གཞི་གསུམ་དར་བར་མཛད། བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་བསྟན་འགྲོའི་ཕན་བདེ་སྤེལ་སླད་མཆོད་འབུལ་སྨོན་འདུན་ཡང་དག་མཛད། གློ་བོ་རྒྱལ་པོས་རྩ་བའི་རིགས་བདག་ཏུ་བཀུར་ཡང་རིང་པོར་མ་བཞུགས། སྐུ་ཚེ་རིལ་པོར་བྱ་བྲལ་སྤྲོས་མེད་ཀྱི་རྣམ་ཐར་ཁོ་ནར་བསྲེལ། སླར་ཀྱི་རོང་དུ་ཕེབ། ཉིད་ཀྱི་བསམ་གཏན་ཁང་བུར་སྐུ་ཚེ་དང་སྒྲུབ་པ་མཉམ་པས་གྲུབ་པའི་གོ་འཕང་མཐོན་པོར་འཛེགས་ནས་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་མངོན་དུ་གཟིགས། ཞལ་གཟིགས་ལུང་བསྟན་སོགས་ནི་ཇོ་བོ་བཀའ་གདམས་པའི་སྤྱོད་ཚུལ་བཞིན་བུམ་ནང་གི་མར་མེ་ལྟར་སྦས་པས་བདག་ལྟས་སྤྲོ་བར་ག་ལ་ནུས། ཐར་རྩེ་རྡོ་རྗེ་འཆང་གི་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཐམས་ཅད་རྗེ་འདི་ལ་སྤར་བཏབ་པ་བཞིན་རྫོགས་པས་ཐུགས་སྲས་གཅིག་ཆོག་ཏུ་ངེས། དགུང་གྲངས་ང་དགུ་པར་ཅུང་ཟད་བསྙུང་ཚུལ་བཞེས་པ་ན་དགོངས་རྫོགས་རིགས་ཞལ་ཆེམ་དུ་སྩལ། ཐར་རྩེ་རྡོ་རྗེ་འཆང་གིས་ཞིང་འདིའི་མཛད་པ་དེ་ཙམ་ལ། ཞིང་གཞན་དུ་འབྱོན་ཞེས་བསྐུལ་བའི་བརྡར་མཚན་དཔེའི་དཀྱིལ་འཁོར་མངོན་སུམ་མཇལ་བའི་གསུང་ཡང་ཡང་སྩལ། མཐར་རྡོ་ཐོག་ནས་བྱ་འཕུར་བ་བཞིན་འདའ་ཁ་མའི་རྣལ་འབྱོར་ལ་བསྟེན་ངོ་མཚར་བའི་ལྟས་བཅས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། གདུང་ཐལ་ལས་རིང་བསྲེལ་མང་དུ་བྱོན་པ་སོགས་རྣམ་ཐར་རྒྱས་པ་གཙུག་ལག་སྨྲ་བ་འཇམ་དབྱངས་ཆོས་འཕེལ་གྱིས་བྲིས་པ་ལས་རྟོགས་པར་བྱའོ།།
༈ གདན་རབས་ང་ལྔ་པ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་ནི། གཙང་རོང་སྨན་ཐངས་པར་ངག་དབང་བློ་གྲོས་བཟང་པོའི་ཡེ་ཤེས་སྒྱུ་འཕྲུལ་དུ་རྗེ་དེ་ཉིད་ཀྱི་དབོན་རིགས་ལས་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། ཞལ་དང་པོ་ཕྱེ་ཙམ་ལ་ངོར་ནས་བཅར་བ་རྣམས་ཀྱི་མིང་ཐོགས་མེད་དུ་གསུངས། སྐྱེས་ཆེན་རྣམས་ཀྱིས་སྤྲུལ་པའི་སྐུར་ལུང་གིས་ཟིན། དམ་པའི་རིགས་སད་ནས་ངོར་ཁང་གསར་བླ་བྲང་དུ་གདན་དྲངས། འདོན་ཆོག་རྒྱུད་ཆུང་བཞི་སོགས་ཚེགས་མེད་དུ་མཁྱེན། བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་མཁན་པོ་དང༌། རྣལ་འབྱོར་འཇམ་དཔལ་བཟང་པོས་ལས་སློབ་སོགས་སྐྱེས་ཆེན་འབའ་ཞིག་གིས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་གསུམ་རིམ་ནོས་ཀྱི་བསྙེན་པར་རྫོགས།