སེམས་བསྐྱེད་ཀྱི་སྡོམ་པ་བཞེས་ཏེ་བླང་དོར་གྱི་གནས་རྣམས་སྤྱན་འབྲས་བཞིན་བསྲུངས། མཁན་ཆེན་དེ་ཉིད་ལས་སློབ་བཤད་དང༌། རྣལ་འབྱོར་འཇམ་དཔལ་བཟང་པོ་ལས་ཚོགས་བཤད་ཡོངས་རྫོགས་གསན། གཞན་ཡང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། ངག་དབང་བློ་གྲོས་བསྟན་འཛིན། ཀུན་དགའ་བསྟན་པའི་བློ་གྲོས་སོགས་ལས་དབང་ཆོས་དུ་མ་གསན། ཀྱེ་རྡོར་སོགས་ཀྱི་གཞིའི་བསྙེན་ཕ་མཐར་ཕྱིན། ཆེན་པོ་གླིང་གི་མཆོད་གནས་སུ་གདན་དྲངས། ལོ་དུ་མ་ལ་འབྲེལ་ཚད་དོན་ལྡན་དུ་བསྐྱངས། ཉག་དགྲའི་རྩུབ་འགྱུར་ཆེད་དུ་དགོངས་པའི་ཚུལ་གྱིས་དབུས་གཙང་དུ་བཏེག །དད་རྫས་རྣམས་མཆོད་འབུལ་ཁོ་ནར་སྨིན། ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ། སྟོད་མངའ་རི་ནས་སྨད་རྒྱ་མཚམས་ཡན་དུ་སྐལ་ལྡན་བསམ་གྱིས་མི་ཁྱབ་པ་སྡོམ་པ་གསུམ་གྱིས་སྨིན་པར་མཛད། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་གསུང་ངག་སློབ་བཤད་ཁྲིད་ཡིག་གཉིས་ཀྱི་སྟེང་ནས་གསུང་བཤད་ཞིབ་རྒྱས་དང༌། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རིག་ཐོག་ནས་ངོ་སྤྲོད་པ་སོགས་དབང་ཁྲིད་བྱིན་རླབས་ལུང་བཅས་ཚང་ཕྲུགས་སུ་གསན། གནས་ལྔ་རིག་པ་འཇིགས་མེད་དཔལ་ལྡན་དྲུང་ནས་དབྱངས་ཅན་སྒྲ་གཞུང་དང༌། སྙན་ངག་ལེའུ་གསུམ་མཐར་ཕྱིན་སྦྱང་བར་མཛད། ཡང་མཁན་ཆེན་དེ་ཉིད་ཀྱི་དྲུང་ནས་ངོར་ལུགས་དཀྱིལ་འཁོར་སོགས་རྒྱུད་སྡེ་རབ་ཏུ་མང་པོ་དང༌། མཁའ་སྤྱོད་མ་སོགས་བྱིན་རླབས་རྗེས་གནང་རབ་ཏུ་མང་པོ། ས་སྐྱ་དང༌། ཞུ་དག་སོགས་ཀྱི་གསུང་འབུམ་དང༌། ཐུན་མོང་མ་ཡིན་པའི་བེའུ་བུམ་སྐོར་དང༌། ཁུ་ན་མཆོག་སྤྲུལ་སོགས་དམ་པ་མང་པོ་ལས་བཀའ་ཆོས་དུ་མ་གསན། གསུང་རྩོམ་རིགས་སྙན་ངག་ལེའུ་གསུམ་གྱི་དཔེ་བརྗོད་ཚིག་རྒྱན་ཉམས་འགྱུར་ཕུན་སུམ་ཚོགས་པ་དང༌། ཆབ་ཤོག་རིགས་འགའ་ཞིག་བཞུགས། སྐྱེས་སྦྱངས་ཀྱི་མཁྱེན་རབ་མེ་ལོང་དྭངས་པས་གཞུང་ལུགས་རྣམས་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད། གསུང་ལས་སྐྱེས་པའི་སློབ་མ། ངག་དབང་བློ་གྲོས་སྙིང་པོ། སྡེ་དགེ་ལྷ་སྲས་བླ་མ། གླིང་ལྷ་སྲས། འཇིགས་མེད་དཔལ་ལྡན་སོགས་མང་དུ་བྱོན། མཉམ་རྗེས་དབྱེར་མེད་ཀྱི་སྒྲུབ་པ་སྙིང་པོར་མཛད་པས་གྲུབ་པའི་རྟགས་ངོ་མཚར་བ་མང་པོ་ཤར། ཆོས་བརྒྱད་རིང་དུ་སྤངས་པས་བྱང་ཆུབ་ཀྱི་སེམས་གཉིས་འབྱོངས། ཐུགས་རྗེ་དང་མཁྱེན་རབ་ཕུལ་དུ་སོན་ཀྱང་སྐུ་ཚེ་ཧ་ཅང་རིང་པོར་མ་བཞུགས་པས་མཁས་ཚུལ་གསུམ་གྱི་ཕྲིན་ལས་ཆེར་མ་རྒྱས། བྱ་ལོར་ཧོར་ཟླ་བཅུ་པའི་ཚེས་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པ་སོགས་རྣམ་ཐར་མདུན་དྲུང་འཇམ་དབྱངས་ཆོས་འཕེལ་གྱིས་བྲིས་པ་ལས་རྟོགས་པར་བྱའོ།། །།
༈ གདན་རབས་ང་དྲུག་པ་དཔལ་ལྡན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི། གཙང་པད་ནང་དུ་བྱམས་པ་དཔལ་ལྡན་བཟང་པོའི་རིགས་སུ་ཡབ་ཡུམ་སྔོན་སྨོན་ལེགས་བྱས་ལས་བསྡུས་པའི་སྲས་སུ་ལྕགས་བྱི་ལོར་དགེ་མཚན་དུ་མ་དང་བཅས་སྐུ་བལྟམས། སྐུ་ན་ཆུང་དུས་ཞྭ་སེར་ཅོད་པན་འཆང་བ་དགའ་བ་གདོང་གི་གྲྭ་སར་ཞུགས་པར། མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་ཀྱི་དགོངས་པ་ཡེ་ཤེས་གཟིགས་པའི་མེ་ལོང་ངོས། རྒྱལ་བ་རྡོ་རྗེ་འཆང་ངུར་སྨྲིག་འཆང་བའི་རྣམ་རོལ་ཏུ་བྱོན་པ་ཨེ་ཝྃ་པའི་མི་འཇིགས་སེང་ཁྲིར་འཛེགས་ཏེ་ཟབ་རྒྱས་གདམས་པའི་བཅུད་ཀྱིས་སྐལ་ལྡན་བགྲང་ཡས་ཐར་པར་དཀྲི་བའི་རྣམ་འདྲེན་ཁྱུ་མཆོག་ཆེན་པོར་གཟིགས་པས་བྱམས་པ་དཔལ་ལྡན་བཟང་པོའི་དབོན་རིགས་ཡིན་ཚུལ་གསུངས། བདག་ཐོབ་ཀྱི་ཁུར་བཞེས། ངོར་ཕན་བདེ་བླ་བྲང་དུ་སྤྱན་དྲངས། ངོར་པའི་ཚོགས་འདོན་སྐོར། རྒྱུད་ཆུང་བཞི། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་སློབ་གཉེར་ཕུལ་བས་ཐུགས་རིག་ཟབ་པའི་རྩེར་སོན། ཇོ་བོ་བཀའ་གདམས་པའི་སྤྱོད་ཚུལ་གདོད་ནས་ལྷན་ཅིག་སྐྱེས། ཐོག་མར་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་འཆི་བདག་བདུད་ལས་རྒྱལ་ཞིང་སྐུ་ཚེ་མཛད་ཕྲིན་མཐར་ཕྱིན་པའི་རྟེན་འབྱུང་དུ་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་དབང་བཞི་སྩལ་བཞེས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དྲུང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ཞུས།