རྗེ་འདིའི་ཨེ་ཝྃ་གཙུག་ལག་དྲི་གཙང་ཁང་དུ་མཆོད་ཆ་ཡོད་བྱད་རིགས་རྟེན་གཞག་རྒྱ་ཆེར་མཛད། ངོར་དགོན། ས་སྐྱ་གོང༌། བཀྲ་ཤིས་ལྷུན་པོ་སོགས་དབུས་གཙང་དགོན་གནས་བཞུགས་སོ་འཚལ་ལ་དངོས་པོ་བཟང་ནོམ་ལྡན་པའི་མཆོད་སྤྲིན་སྤྲོས། གོང་མ་འཇིགས་མེད་དབང་རྒྱལ། འཛམ་གླིང་ཆེ་རྒུ་དབང་སྡུད། རྒྱལ་དབང་རིན་པོ་ཆེ་སོགས་འཛམ་གླིང་སྐྱབས་ཀྱི་གཙོ་བོ་དེ་དག་ལའང་མཆོད་སྤྲིན་སྤྲོ་བ་དང་སྐལ་བ་བཟང་བའི་དགའ་སྟོན་དུ་ཆོས་ཀྱི་བཀའ་དྲིན་རེ་སྩལ་བཞེས་མཛད། ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་དྲུང་སྟོང་མཆོད་རྒྱས་པ་ཕུལ་ཞིང་བསྟན་པ་དར་རྒྱས་དང་སེམས་ཅན་བདེ་སྐྱིད་འབྱུང་བའི་ཐུགས་སྨོན་རྣམ་དག་མཛད་པས་བསོད་ནམས་ཀྱི་ཚོགས་ཆེན་སྤེལ་བར་མཛད། སླར་ཡང་མཆོད་ཡོན་ལྷན་ཅིག་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབ་སྟེ་བཞུགས་ཁྲིར་འཇགས། གྲོལ་བ་བཞི་ལྡན་དུ་གྲགས་པའི་རྟེན་མཆོག་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་ཁྱད་འཕགས་འགྲོ་ཀུན་བསོད་ནམས་བསག་པའི་མཆོད་སྡོང་དུ་བཞེངས། མཉམ་རྗེས་ཀུན་ཏུ་ལྟ་བ་ཟབ་མོ་ལས་ནམ་ཡང་གཡོ་བ་མེད་བཞིན་པས་ཆག་མེད་རྣམ་བཞི་སོགས་ཟབ་གསལ་ཏིང་ངེ་འཛིན་ལས་ཉིན་མཚན་ཁོར་ཡུག་ཏུ་བརྩོན་པ་ལྷུར་བཞེས་པས་གྲུབ་པའི་ཉམས་རྟོགས་རྒྱས། ལྷ་དང་བླ་མས་མངོན་སུམ་རྗེས་སུ་བཟུང་བ་སོགས་ནི་ཐུགས་སྒམ་པའི་དབང་གིས་མཆོག་དམན་སུ་ལའང་གསུངས་པའི་སྐལ་བ་མ་བྱུང་བས་འདིར་མ་སྤྲོས། ཞལ་སློབ་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ། ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན། མི་ཕམ་འཇམ་དབྱངས་རྣམ་རྒྱལ། ལེགས་བཤད་བཟང་པོ། ལུང་རིག་ཉི་མ། འཇམ་དབྱངས་མཁྱེན་རབ། ཉི་མ་ཆོས་འཕེལ། མཁས་གྲུབ་རྒྱ་མཚོ། བླ་མ་ཆོས་རྗེ། སྡེ་དགེ་ཆོས་རྒྱལ་སྐུ་མཆེད་ཡབ་སྲས་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་དུ་མ་ཞིག་བསྐྲུན། དགུང་གྲངས་རེ་གཅིག་བཞེས་པ་ལྕགས་བྱི་ལོར་ཟླ་བ་དང་པོའི་ནང་ནས་རིས་སྒྲ་འབྱིན་པ་སོགས་རྟགས་འཚུབས་མང་པོ་བྱུང་བ་མཆོག་དམན་ཀུན་གྱི་ཇི་ཡིན་སྙམ་དོགས་ཀྱང་རྗེ་འདི་ཉིད་ཞིང་གཞན་དུ་གཤེགས་པའི་སྔ་ལྟས་སུ་ཕྱིས་ནས་གོ །དེ་སྐབས་སྐུ་ཅུང་ཟད་བསྙུང་ཚུལ་བཞེས་པར་རིམ་གྲོ་རྒྱ་ཆེར་བསྒྲུབས་ཀྱང་བསྟན་འགྲོའི་དོན་དེ་ཙམ་གཟིགས་པས་མ་བཟློག་པའི་ཚུལ་གྱིས་ཟླ་བ་གཉིས་པའི་ཚེས་ཉེར་གཉིས་ཉིན་དགོང་མོ་འདའ་ཁ་མའི་རྣལ་འབྱོར་ལ་བརྟེན་ཏེ་ཞི་དབྱིངས་མཉམ་པར་གཞག་པ་དང་དུས་མཉམ་ས་གཡོ་བ་སོགས་སྐྱེས་བུ་དམ་པ་གཤེགས་རྟགས་ངོ་མཚར་ཅན་ཀུན་གྱིས་གསལ་བ་དང༌། ཞག་གསུམ་པའི་ཐོག་ཁོ་བོས་ཐུགས་དམ་རྩལ་བཀྲོལ་ཞུས་པའི་སྔ་དྲོ་ཉིན་ཐང་ལས་ཞལ་དཀྱིལ་དང་ཞིང་གཟི་བྱིན་རྒྱས་པ་དང༌། སྐུ་དྲང་པོར་བཞུགས་པར་ཞུས་ཟིན་ནས་དབུ་ཅུང་ཟད་གུག་པ་དང་མདངས་ཡལ་བ་སོགས་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་པའི་རྟགས་མངོན་པར་མཇལ། གདུང་ཞུགས་འབུལ་སྐབས་གདུང་རུས་དུམ་གཅིག་གིས་མེ་མ་བཞེས་པ་ཕྱིས་ཐུགས་དམ་སྙིང་པོའི་སྣང་བརྙན་རང་བྱོན་འཁྲུངས། དགོངས་རྫོགས་ཟབ་རྒྱས་བསྒྲུབས། གདུང་རྟེན་གསེར་ཟངས་དང༌། རིན་ཆེན་གཉིས་པ་ལས་གྲུབ་པ་ནང་གཞུག་ཚད་ལྡན་བུམ་སྒོར་ཡེ་ཤེས་སེམས་དཔའི་ཚུལ་དུ་གོང་གི་གདུང་རུས་རང་བྱོན་བཞུགས་པ་བཅས་ཤིན་ཏུ་རྩ་གྲས་བསམ་འགྲུབ་མཐོང་གྲོལ་ཆེན་པོར་བཞུགས་པ་འདི་ཉིད་དོ། །
༈གདན་རབས་ང་བདུན་པ་འཇམ་དབྱངས་རིན་ཆེན་རྡོ་རྗེ་ནི། གཙང་གི་ས་ཆར་གཞིས་ཀ་ཆེན་པོ་བསམ་འགྲུབ་རྩེར། ཡབ་བླ་མ་པད་རྡོར། ཡུམ་བྲང་ཏིའི་རིགས་ལས་སོན་པ་སྦྱིན་པ་བཟང་མོ་གཉིས་ཀྱི་སྲས་སུ་མེ་བྱ་ལོར་སྐུ་འཁྲུངས། ཨེ་ཝྃ་ཐར་རྩེར་ཕེབ་ནས། ཡི་གེ་འབྲི་ཀློག་སོགས་རིམ་པར་བསླབས། བྱམས་པ་ཀུན་དགའ་བསྟན་འཛིན་ལས་དགེ་བསྙེན་གྱི་སྡོམ་པ་དང༌། འཇམ་དཀར། དབྱངས་ཅན་མའི་རྗེས་གནང་སོགས་གསན་པས་མཁྱེན་རབ་པདྨའི་འདབ་ལྟར་བཞད། ཁྱབ་བདག་རྡོ་རྗེ་སེམས་དཔའ་ངུར་སྨྲིག་གར་གྱིས་རོལ་པ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་ཚིགས་གསུམ་རིམ་ནོས་ཀྱི་དགེ་སློང་གི་སྡོམ་པ་དང༌། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་བཞི་ཡོངས་རྫོགས་གསན་ཏེ།