R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར། སྡོམ་པ་གསུམ་གྱི་བསྲུང་བྱ་མཐའ་དག་མིག་འབྲས་བཞིན་གཅེས་པར་བསྐྱངས། མཁན་ཆེན་དེ་ཉིད་དང་ཞྭ་ལུ་བློ་གསལ་བསྟན་སྐྱོང་སོགས་དམ་པ་མང་པོ་གུས་པས་བསྟེན་ནས་རྒྱུད་སྡེ་བཞི་དང་འབྲེལ་བའི་སྨིན་གྲོལ། རྗེས་གནང༌། བྱིན་རླབས་དུ་མ། རྡོ་རྗེ་ཕྲེང་བ། གསུང་ངག་རིན་པོ་ཆེ་ཚོགས་སློབ་གཉིས་སོགས་ཟབ་ཁྲིད་མང་པོ། བསྟན་འགྱུར། གོང་མ་ལྔ། ངོར་ཆེན་སོགས་དམ་པ་མང་པོའི་བཀའ་འབུམ། ཡི་དམ་ཆོས་སྐྱོང་ནོར་ལྷ་རྣམས་ཀྱི་བེའུ་བུམ་སོགས་མདོར་ན་ཐར་རྩེ་རྡོ་རྗེ་འཆང་ལ་མངའ་ཚད་ཀྱི་དམ་པའི་ཆོས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་པས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན། ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན། སྤངས་རྟོགས་ཀྱི་ཡོན་ཏན་རབ་ཏུ་རྫོགས་ཏེ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟར་གྱུར་པས་ན། རྒྱལ་བ་གཉིས་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ། ཆེ་རྒུ་མང་པོས་བསྙེན་བཀུར་གྱིས་གཟེངས་བསྟོད། ལོ་བརྒྱད་དུ་ཁྲི་བསྐྱངས་སྐབས། དགུན་ཆོས་སྡོམ་གསུམ་ལམ་འབྲས་ཆ་ལག་བཅས། དབྱར་ཆོས་ངོར་དཀྱིལ་བདུན། རྡོར་ཕྲེང་སོགས་ཆོས་ཀྱི་ཆར་པ་ཕབ་པས་སྐལ་བཟང་གི་སློབ་ཚོགས་མཐའ་ཡས་པའི་སྒོ་གསུམ་ལྷ་སྔག་ཡེ་ཤེས་ཀྱི་རོལ་པར་བྱིན་གྱིས་བརླབས། ཐུན་མིན་སློབ་བུ་འགའ་ལ་སློབ་བཤད་སྩལ། མཁན་ཆེན་དམ་པའི་དགོངས་རྫོགས་བུ་སྟོན་བཀའ་འབུམ་གསར་བཞེངས་མཛད་པ་སོགས་བསོད་ནམས་ཀྱི་ཚོགས་རླབས་ཆེན་བསྒྲུབས། ཁྲིའི་འགན་བཞེས་ཁང་སར་ལ་ཕུལ་ནས། དམ་པ་ཉིད་བོད་ཆེན་པོའི་སྐྱེ་རྒུ་རྣམས་ཀྱི་བསོད་ནམས་ཀྱི་མགྲོན་དུ་ཕེབ། སྟོད་སྨད་དུ་ཞབས་བཀོད་པས་སྐྱེ་འགྲོ་ཐམས་ཅད་ལ་གང་ལ་གང་དགོས་ཀྱི་ཆོས་སྦྱིན་བླ་ན་མེད་པར་སྩལ་བས་ཀུན་གྱི་རྒྱུད་སྨིན་གྲོལ་ལ་བཀོད་པར་མཛད། ཁྱད་པར་འཇམ་པའི་དབྱངས་མིའི་སྲིད་པ་བཟུང་བ་མཁྱེན་བརྩེའི་དབང་པོའི་ཞབས་དང༌། ཞབས་དྲུང་ནམ་མཁའ་རྒྱལ་མཚན། འཇམ་མགོན་ངག་དབང་ཡོན་ཏན་རྒྱ་མཚོ་རྣམས་ལས་སྒྲུབ་ཐབས་ཀུན་བཏུས་སོགས་ཟབ་ཆོས་དུ་མ་གསན། ལྷུན་གྲུབ་སྟེང་དུ་སྡེ་དགེ་ཆོས་རྒྱལ་ཡབ་སྲས་རྣམས་ལ་འདོད་ཆོས་དང༌། བླ་མ་ཆོས་རྗེའི་རིགས། དགེ་འདུན་གྱི་སྡེ་རྣམས་ལ་ངོར་ལུགས་དཀྱིལ་འཁོར་བདུན་སོགས་དབང༌། བྱིན་རླབས། རྗེས་གནང་རིགས་དཔག་མེད་གནང༌། ལྷག་པར་རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྩ་བཤད་ཆ་མཐུན་གྱི་རྒྱུད་ལས་བསྟན་པའི་དཔལ་རྩེ་དབྱིངས་གསུམ་སོགས་ཀྱི་དབང་སུམ་ཅུ་ཙམ་གྱི་རྒྱུན་འཆད་ལ་ཉེ་བ་ན་ཁོ་བོ་ལ་ལུང་བཅས་ཡོངས་རྫོགས་སུ་སྩལ་ཏེ་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་དབྱིག་གི་སྙིང་པོར་བཞུགས་པས་བསྟན་པའི་སྲོག་མཐུད་བཀའ་དྲིན་རི་ལྟར་ལྕི་བར་འགྱུར། སྐྱེ་རྒུ་དོན་གླིང་དུ་ལམ་འབྲས་སློབ་བཤད་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ། སླར་དབུས་གཙང་དུ་ཆིབས་བསྒྱུར་ཏེ་ཇོ་ཤཱཀ་གཙོས་རྟེན་གསུམ་རྣམས་དང༌། སྐྱབས་མགོན་མཆོག །ས་སྐྱ་གོང་མ་ཡབ་སྲས། ས་ངོར་གཙོས་དགེ་འདུན་གྱི་སྡེ་རྣམས་ལ་མཆོད་འབུལ་རྒྱ་ཆེར་མཛད། ཐུགས་སྲས་གཙང་པཎ་ཆེན་རིན་པོ་ཆེ། ཞབས་དྲུང་རྣམ་པ་བཞི། ཞྭ་ལུ་རི་ཟུར་སོགས་བགྲང་ལས་འདས་པ་བསྐྲུན། རྗེ་བཁྱེན་བརྩེའི་ཞལ་ནས་མཁན་ཆེན་འདིའི་སྐུ་ཚེ་སྟོད་སྨད་ཕལ་ཆེར་ཐར་རྩེ་རྡོ་རྗེ་འཆང་གི་ཞབས་འབྲིང་ལ་བརྩོན་པས་བླ་མའི་ལམ་གྱིས་གྲོལ་བའི་སྐལ་ལྡན་ཅིག་ཅར་བ་ཡིན་ཅེས་གསུངས་པ་དང༌། ཆགས་སྡང་ཕྱོགས་ལྷུང་གི་རྣམ་རྟོག་འགག་པ་ཀུན་གྱི་མཐོང་སྣང་དུ་གྲུབ་པ་འདིའང་ངོ་མཚར་གྱི་གཞི་གཅིག་ཏུ་རྟོགས། མཉམ་རྗེས་ཀུན་ཏུ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་རོལ་པ་ལས་ནམ་ཡང་མི་འདའ། དགུང་ལོ་དྲུག་ཅུ་བཞེས་པ་ན་སེམས་ཅན་རྣམས་ཀྱི་ལས་བདག་གིར་བཞེས་པའི་དོན་སྟོན་པའི་ཕྱིར། སྤྱན་གྱིས་མི་གཟིགས་པའི་ཚུལ་བསྟན་ཀྱང༌། ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཉི་ཟླ་ལྟར་གསལ་ཞིང་གོང་འཕེལ་དུ་བཞུགས་པའི་ངང་སྐུ་ཚེ་དང་སྒྲུབ་པ་མཐར་ཕྱིན། དགུང་གྲངས་དྲུག་ཅུ་རྩ་ལྔ་པ་ལྕགས་གླང་ལོར་འདའ་ཁ་མའི་རྣལ་འབྱོར་ལ་བརྟེན་ནས་ངོ་མཚར་བའི་ལྟས་དང་བཅས་པས་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་པ་སོགས་རྣམ་ཐར་རྒྱས་པ་ཁོ་བོས་ལོགས་སུ་བགྱིས་པ་ལས་རྟོགས་པར་བྱའོ།།