R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
གནང་བཀག་གི་བསླབ་གཞིའི་མཚམས་ལས་ནམ་ཡང་མ་འདས། ཀྱེ་རྡོར་བཀའ་བབས་བཞི་ལམ་འབྲས་ཚོགས་བཤད་སོགས་བཀའ་ཆོས་མང་དུ་གསན་ཏེ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་མངོན་དུ་གྱུར་ཀྱང་ཞབས་དྲུང་གི་མཚན་གསོལ། མདོ་སྨད་སའི་ཆར་འདིའི་གདུལ་བྱ་དད་པའི་སྐྱ་རེངས་ཀྱིས་བསྐུལ་བས་མ་འདྲིས་མཛའ་བཤེས་མཛད་པའི་བཀའ་དྲིན་ཅན་ལུང་རྟོགས་ཆོས་ཀྱི་ཉི་མ་སྲིད་འདིར་མཆོད་ཞིང་དུ་ཕེབ། ཀུན་དགའ་བསྟན་པའི་བློ་གྲོས། འཇམ་མགོན་ངག་དབང་ལེགས་གྲུབ། ཆོས་རྗེ་ཀུན་དགའ་དཔལ་ལྡན་རྣམས་ལས་བཀའ་ཆོས་ཟབ་གནད་ཅན་འགའ་ཞིག་གསན། ཁྱད་པར་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་སྒྲུབ་ཐབས་ཀུན་བཏུས། དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་བཤད་བཀའ་ཡོངས་རྫོགས། མཁའ་སྤྱོད་ཁྲིད་སོགས་ལོ་ཤས་གསན། མཁས་མཆོག་འཇམ་དབྱངས་ཡོན་ཏན་དྲུང་ནས་སུམ་རྟགས་དང༌། སྙན་ངག །གནས་ལྔ་རིག་པ་འཇིགས་མེད་དཔལ་ལྡན་དྲུང་ནས་དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་རིན་འབྱུང་སོགས་སྔ་ཕྱིར་སྦྱངས་སྟོབས་རྒྱ་ཆེར་བསྐྱངས། ཁྲོམ་གཉེན་ཤུལ་དུ་སྐལ་ལྡན་སློབ་ཚོགས་ལ་ལམ་འབྲས་ཚོགས་བཤད་ཀྱི་དགའ་སྟོན་སྤེལ། འདི་སྐབས་ཉག་དགྲས་བསྟན་དང་འགྲོ་ལ་སྡུག་སྦྱོར་གྱི་བྱ་བ་བརྡོལ་ཡང་སྐུ་ཉིད་ཆོས་སྲུང་འཕྲིན་ལས་ཀྱི་རྭ་བ་བརྟན་པས་བར་ཆད་ཀྱིས་ཉེར་མ་ནུས། ལོ་བཅུ་ཕྲག་སྐོར་བཞུགས། སྐྱེ་རྒུར་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་སྤེལ། སླར་གདན་སར་ཕེབ། དངོས་པོ་གྱ་ནོམ་པའི་ཀུན་བཟང་མཆོད་སྤྲིན་ལ་ཅོ་འདྲི་བ་མཆོད་ཞིང་སྤྲོས་པས་ཚོགས་ཟུང་རྒྱ་མཚོ་མངོན་པར་བསྒྲུབས་ཏེ་རྡོ་རྗེ་འཆང་གི་མི་འཇིགས་སེང་ཁྲིར་མངའ་གསོལ། བགྲང་བྱ་རྒྱལ་སྲིད་གྲངས་ལྡན་རྒྱལ་བ་རྡོ་རྗེ་འཆང་གི་ཕྲིན་ལས་ལ་དབང་བསྒྱུར། སྐལ་ལྡན་འདུས་ཚོགས་ལ་སོ་བྱང་སྔགས་གསུམ་ལམ་འབྲས་སོགས་སྔོན་སྲོལ་ལྟར་ཉམས་མེད་སྩལ། ལྷག་པར་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་གནང་བ་སྩལ་བཞིན་དབྱར་ཆོས་ཆེན་མོའི་རྒྱུན་གསར་སྤེལ་མཛད། མཁན་ཆེན་དེ་ཉིད་ཀྱི་དྲུང་ནས་སློབ་བཤད་ཁྲིད་ཡིག་གཉིས་ཀྱི་སྟེང་ནས་གསུང་བཤད་ཞིབ་རྒྱས། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དགོངས་པའི་དབྱིངས་སུ་ངོ་སྤྲོད་སིམ་པ། དབང་ཁྲིད་བྱིན་རླབས་ལུང་བཅས་ཚང་ཕྲུགས་སུ་སྩལ་བས་མཚོན་རྡོ་རྗེ་འཆང་གི་ཐུགས་རྒྱུད་ཟབ་རྒྱས་གདམས་པའི་བཅུད་ཀྱིས་ཡོངས་སུ་འགེངས་པའི་བུམ་བཟང་ལ་ལོངས་སུ་སྤྱོད་པའི་སྐལ་བར་ལྡན། དེ་ནས་མཁན་པོའི་འགན་བཞེས་ཐར་རྩེར་ཕུལ། སླར་ཁམས་ཕྱོགས་འདིར་ཕེབ་ལམ་སྐྱེ་རྒུ་དོན་གྲུབ་གླིང་དུ་རྡོ་རྗེ་ཕྲེང་བའི་ཆོས་འཁོར་བསྐོར་བས་མཚོན་འགྲོ་དོན་ཤིན་ཏུ་ཆེ། རིམ་བཞིན་སྡེ་དགེ་ལྷུན་གྲུབ་སྟེང་འཆགས་ཕེབ་བཞུགས་ཁྲིར་འཇགས། མཁས་གྲུབ་ནོར་བསྟན། ལི་ཐང་ཆོས་རྗེ་མཁས་གྲུབ་རྒྱ་མཚོ། ལྔ་རིགས་སྨྲ་བ་འཇམ་དབྱངས་ཡོན་ཏན། ལྷུན་གྲུབ་སྟེང་ཤར་ནུབ་ཆོས་རྗེ་སོགས་འདུས་ཚོགས་བརྒྱ་ཕྲག་ལྔ་ཙམ་ལ་སྒྲུབ་ཐབས་ཀུན་བཏུས་ཁ་སྐོང་བཅས་སྔ་ཕྱིར་སྩལ། ཁྲོམ་སྡེ་གཞུང་མཁས་གྲུབ་ཆེན་པོ་ལུང་རིག་ཉི་མས་གཙོས་སྐལ་ལྡན་གྲངས་མང་ལ་སྒྲུབ་བཏུས་དང་སློབ་བཤད་སོགས་སྔ་ཕྱིར་དགོངས་པ་འགེངས་ངེས་བཀའ་དྲིན་སྩལ། དར་མདོ་མགོ་ཐམ་སོགས་སུ་གདུལ་བྱ་འདུལ་བར་འཟིགས་པས་ཕེབ། སྐྱེ་རྒུའི་མོས་སྣང་ཆོས་ལ་བསྒྱུར་པས་ཐར་པའི་ས་བོན་རྨ་མེད་སྩལ། གཞན་ཡང་འཇམ་མགོན་ཡོན་ཏན་རྒྱ་མཚོ། ཆོས་རྗེ་ཀུན་དགའ་འཇམ་དབྱངས། ཁྲི་ཆེན་ཀུན་དགའ་བསོད་ནམས། དཔལ་ལྡན་ཕྱོགས་ཀྱི་གླང་པོ། རྗེ་བཙུན་རྟ་མགྲིན་དབང་མོ། འཇམ་དབྱངས་མི་ཕམ་རྣམ་རྒྱལ་སོགས་དམ་པ་དུ་མའི་མདུན་ནས་དབང་ལུང་ཁྲིད་སོགས་རང་ལུགས་གྲུབ་མཐའ་རྒྱ་མཚོར་སྲིད་དོ་ཅོག་གསན་བཞེས་མཛད་པ་ཕུལ་ཕྱིན། གསུང་རྩོམ་རིགས། སྙན་ངག་དཔེར་བརྗོད་སྙན་འཇེབས་ཕུན་སུམ་ཚོགས་པ། རིགས་གསུམ་སྤྱིའི་རྗེས་གནང་གི་ཆོ་ག །ཆབ་ཤོག་རིགས། དགོན་སྡེ་སོ་སོར་བསླབ་བྱའི་བཅའ་ཡིག །ཉིད་ཀྱི་བླ་མའི་རྣལ་འབྱོར་སོགས་མཁས་རྣམས་མགུ་ཞིང་སོར་བཅུའི་ཐལ་མོ་སྤྱི་བོར་སྦྱར་འོས་ཅན་གྱི་གསུང་རྩོམ་ཀྱང་མང་བར་བཞུགས། སྡེ་དགེ་དང་མཆོད་ཡོན་ཐུགས་ནང་ཤིན་ཏུ་གཤིམ་པས་སླར་ཡང་མཆོད་ཡོན་གཉིས་ཀ་དབུས་གཙང་དག་ཞིང་དུ་ཕེབ།