དགུང་ལོ་བཅུ་གཉིས་བཞེས་པ་ཤིང་ཁྱི་ལོར་ངོར་ཕན་བདེ་བླ་བྲང་དུ་ཕེབ། ཞབས་དྲུང་གི་གོ་སར་བཀོད། འདོན་ཆོག་སྐོར། རྒྱུད་ཆུང་བཞི་རྣམས་ཐུགས་འཛིན་རྩེར་སོན། མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ་ལས་སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེ་སོགས་ཀྱི་བདུད་རྩི་བཞེས། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས། དམ་ཚིག་རྣམ་པར་དག །བསྙེན་སྒྲུབ་རིགས་ཚུལ་བཞིན་བགྱིས། དགུང་གྲངས་བཅོ་ལྔ་སོན་པ་མེ་གླང་ལོར་ཁམས་སུ་ཕེབ། སྒ་ཁོག་ཏུ་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་དྲུང་ནས་སྔ་ཕྱི་ཆོས་བཀའ་མང་ཙམ་གསན། ལྷུན་གྲུབ་སྟེང་དུ་བཞུགས་གདན་འཇགས། སྡེ་དགེ་ཆོས་རྒྱལ་ཡབ་སྲས་ཀྱི་དབུའི་མཆོད་གནས་མཛད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་སྒྲུབ་ཐབས་ཀུན་བཏུས་དང་སློབ་བཤད་ཀྱི་ཆ་ལག་དུ་མ་གསན། མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་དྲུང་ནས་བདེ་གསང༌། འཇིགས་བྱེད། རྣལ་འབྱོར་མ་རྣམས་ཀྱི་སྔགས་བཏུས་སོགས་བཀའ་ཆོས་མང་པོ། རང་ནས་གུར་རིགས་བསྡུས། གཤེད་དམར་ལྷ་ལྔའི་དབང་ཁྲིད། ས་སྐྱ་བཀའ་འབུམ། དབུ་མ་འཇུག་པའི་བཤད་ཁྲིད་སོགས་ཕུལ། མངའ་རི་ཆོས་རྗེ་ཀུན་དགའ་འཇམ་དབྱངས་ལས་སློབ་བཤད། རྣམ་སྲས་དབང་སོགས། སྒྲུབ་བརྩོན་བསོད་ནམས་རབ་རྒྱས་ལས་མགོན་པོ་ཆེ་ཆུང་སྐོར་སོགས། གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མི་ཕམ་རྣམ་རྒྱལ། གདོང་ཀྃ་ངག་དབང་དམ་ཆོས་རྒྱལ་མཚན། སྐྱོ་མདའ་ངག་དབང་ཆོས་འཛིན། སྙན་གྲགས་ལུང་རིགས་ཉི་མ་སོགས་དམ་པ་མང་པོ་ལས་དབང༌། བྱིན་རླབས། རྗེས་གནང༌། ལུང་སོགས་ས་ངོར་ཚར་གསུམ་ལ་རྒྱུན་ཇི་བཞུགས། བཀའ་གདམས་ཆོས་སྐོར། ཞི་བྱེད་སྐོར་སོགས་དུ་མ་གསན་ཅིང་ཐུགས་ཉམས་སུ་བཞེས། མཁས་དབང་བླ་མ་འཇམ་དབྱངས་མཁྱེན་རབ་ལས། སུམ་རྟགས། བརྡ་དག །སྡོམ་གསུམ་རབ་དབྱེ་ཁ་སྐོང་བཅས། འཇམ་དབྱངས་བླ་མའི་དགོངས་རྒྱན། སྤྱོད་འཇུག །དབུ་མ་རྒྱན་སོགས་བསླབ་སྦྱང་མཛད། སྒ་ཁོག །མགོ་ལོག །ཧོར་ཁྲོམ། སྡེ་དགེའི་མངའ་ཞབས་སོགས་གདུལ་བྱར་ཕེབ། སྐྱེ་རྒུ་མང་པོའི་རྒྱུད་ལ་རྣམ་དཀར་གྱི་ས་བོན་བཏབ། ལྷུན་གྲུབ་སྟེང་དྲུག་འདུ་ཆེན་མོའི་དབུ་བཞུགས་ལོ་དུ་མར་མཛད། ཀྱེ་རྡོར་རྒྱུ་ལམ་གྱི་དབང་སོགས་ངོར་དཀྱིལ་བདུན། གཤིན་རྗེའི་གཤེད་དམར་ནག་འཇིགས་གསུམ། མགོན་པོ་ཆེ་ཆུང་སོགས་བཀའ་ཆོས་དུ་མ་ཞུ་བ་པོ་སོ་སོའི་ངོར་གསུངས། དགུང་ལོ་སོ་གསུམ་བཞེས་པ་ཤིང་ལུག་ལོར་བོད་དུ་ཕེབ། དེའི་དགུན་ཆོས་སྐབས་ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲིར་བཞུགས་ནས་བཟུང༌། ས་ཁྱི་བར་ལོ་ལྔར་མཁན་པོ་མཛད། བཀའ་ཆོས་སྔོན་སྲོལ་ཇི་ཡོད་ཐོག་ས་སྐྱའི་ཆོས་སྡེ་རྣམས་སུ་ཉེར་མཁོ་ཆེ་བའི་རིགས་མང་པོའི་ལུང་གནང་བ་དང༌། དབྱར་ཆོས་ཀྱེ་རྡོར། མགོན་པོ། འཇིགས་བྱེད། ཚེ་དཔག་དབང༌། ས་ངོར་ཞུ་གསུམ་གྱི་བཀའ་འབུམ་ལུང་པོད་སོགས། དུས་རྒྱུན་ཞུ་བ་པོ་སོ་སོའི་བློ་དང་འཚམས་པའི་ཆོས་བཀའ་དུ་མ་གསུངས་པ་སོགས་བསྟན་པ་རིན་པོ་ཆེ་ལ་སྨན་པའི་མཛད་པ་བླ་ན་མེད་པ་ལྷུར་བཞེས། ཞལ་སློབ་ཐར་རྩེ་ཞབས་དྲུང་རྣམ་གསུམ། ཀླུ་སྡིངས་རྒྱལ་སྲས། བྲའུ་དཔོན་ཚང་བླ་མ། བྱེའུ་ཆོས་གླིང་བླ་མ། ཧོར་ཉ་བྲག་སྤྲུལ་སྐུ། ལྷུན་གྲུབ་སྟེང་དབྱར་གནས་མཁན་པོ་རྣམ་གཉིས། ཤར་ནུབ་ཆོས་རྗེ་གསར་རྙིང༌། སྡེ་དགེ་ཆོས་རྒྱལ་ཡབ་སྲས་སོགས་མང་ངོ༌། །འདིའང་གཞུང་ལུགས་ལ་ཐུགས་བརྩོན་དང་གསན་རྒྱ་ཆེའང་སྐུ་ཚེ་མ་རིངས་བས་བསྟན་ལར་ཆེར་སྨིན་མ་ཁོམ། དགུང་གྲངས་སོ་བདུན་བཞེས་པ་ས་ཕག་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་ལ་ཞི་བར་གཤེགས། དགོངས་རྫོགས་རྣམས་མཛོད་འཇམ་དཔལ་བློ་ལྡན་དང༌། ཕན་བདེ་བླ་བྲང་མཁན་རིན་པོ་ཆེ་སློབ་འཁོར་གྱིས་བསྒྲུབས་པའོ།། །།
༈ གདན་རབས་རེ་གཅིག་པ་བྱམས་པ་དཔལ་ལྡན་ཆོས་མཛད་ནི། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་དབོན་བརྒྱུད་འཁྲུལ་མེད་སྤིས་གྲོང་ཟུར་ཁང་ཞེས་པར་འཁྲུངས། ཕན་ཁང་བླ་བྲང་དུ་བཞུགས། འཇམ་དབྱངས་རིན་ཆེན་རྡོ་རྗེ་ལས་རབ་བྱུང༌། བསྙེན་རྫོགས། སེམས་བསྐྱེད། ཀྱེ་རྡོར་རྒྱུ་ལམ་གྱི་དབང༌། ལམ་འབྲས། མཁའ་སྤྱོད་མ་སོགས་དུ་མ་དང༌།