༈ གདན་རབས་ང་བརྒྱད་པ་ངག་དབང་བློ་གྲོས་སྙིང་པོ་ནི། ལོ་ཙཱ་བ་ལྕེ་ཁྱི་འབྲུག་སོགས་དམ་པ་མང་པོ་བྱོན་པའི་རིགས་བརྒྱུད་དུ་སྐུ་འཁྲུངས། ངག་དབང་བློ་གྲོས་བསྟན་འཛིན་ཀྱི་སྤྲུལ་པའི་སྐུར་རོལ་པས་ངོར་ཕུན་ཚོགས་ཁང་སར་དུ་གདན་དྲངས། བྱམས་པ་ཀུན་དགའ་བསྟན་འཛིན་དྲུང་དུ་གཙུག་ཕུད་ཕུལ། འབྲི་ཀློག །ཆོས་སྤྱོད། ཆོ་ག་རིགས། རྒྱུད་ཆུང་བཞི་སོགས་ཐུགས་འཛིན་མཛད། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། དམ་པ་དེ་ཉིད་དང༌། ངག་དབང་བསོད་ནམས་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱལ་མཚོ། དཔལ་ལྡན་བློ་གྲོས་རྒྱལ་མཚན། གོང་མ་ངག་དབང་འཇིགས་མེད་དབང་རྒྱལ། ཞྭ་ལུ་རི་ཟུར་སོགས་དམ་པ་མང་པོ་བསྟེན་ནས་སྔ་ཕྱིར་གསུང་ངག་ཚོགས་སློབ། ངོར་དཀྱིལ་བདུན། རྡོར་ཕྲེང༌། སྒྲུབ་ཐབས་ཀུན་བཏུས། རྡོ་རྗེ་ཕུར་པ། ས་སྐྱ་བཀའ་འབུམ་སོགས་དབང་ལུང་ཁྲིད་རྗེས་གནང་བྱིན་རླབས་སྐོར་མང་དུ་གསན། ཀྱེ་རྡོར། ཕུར་པ་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན། ཞབས་དྲུང་སྐབས་ཁམས་སུ་ཕེབ་ནས་འགྲོ་དོན་མཛད། སླར་དབུས་གཙང་དུ་བཏེག་ནས་བལ་ཡུལ་སོགས་སྟོད་མངའ་རིས་སྐོར་གསུམ་དུ་བྱོན། གདུལ་བྱ་ཕྲིན་ལས་རྒྱས། དེ་ནས་ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་ལོ་བཅུ་ཙམ་བཞུགས་ནས་གསུང་ངག་རིན་པོ་ཆེ་སོགས་བཀའ་ཆོས་བསམ་གྱིས་མི་ཁྱབ་པས་སྐལ་བཟང་གི་སློབ་བུ་དུ་མ་ཡང་དག་པའི་ལམ་ལ་བཀོད། སོག་ཡུལ་དུ་བྱོན། རྡོ་རྗེ་ཕུར་པའི་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད། སྐུ་འཆམ་བཞེས་པ་ན་བླ་མ་རྡོ་རྗེ་ཕུར་པའི་ཉམས་གར་དུ་འགྱུར་བ་བསྟན་པ་གདུལ་བྱའི་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་གྱུར་པས་སྐྱེ་རྒུའི་ཡིད་དབང་དད་སྤྲོས་གཡེང༌། དངོས་པོའི་མེ་ཏོག་ཆར་དུ་བསྙིལ་བས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་བསྐྱངས། སླར་ཡང་མདོ་ཁམས་སྟོད་སྨད་དུ་ཕེབ། གདུལ་བྱ་གང་ལ་གང་འདོད་ཀྱི་ཆོས་གསུངས། ཕྲིན་ལས་ཤིན་ཏུ་ཆེ། རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་བྲན་དུ་འཁོལ་བས་གདུག་པ་ཅན་སུས་ཀྱང་བཀའ་ལས་འདའ་མི་ནུས། སླར་དབུས་གཙང་དུ་བཏེག་ནས་མཆོད་འབུལ་དང༌། གདན་སར་འཇགས། ཐུབ་བསྟན་ཡངས་ཅན་མཁན་པོས་ཞུས་ངོར་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོ་སོགས་འདུས་པ་མང་པོར་ལམ་འབྲས་སློབ་བཤད་མཁྱེན་བརྩེའི་ཁྲིད་ཡིག་ནས་སྩལ། གསུང་རྩོམ་རིགས་སྨན་ཆོག་དང༌། རྡོ་རྗེ་ཕུར་པས་ཁོག་ཕུབ་པའི་ས་བསྐང་དང་ངོར་བསྐང་བསྲེས་པ་འཇུག་བདེར་མཛད། ངག་དབང་བསོད་ནམས་རྒྱལ་མཚན་གྱི་འདྲ་སྐུ་གདུང་རྟེན་བཞེངས། སློབ་མ་མཁན་ཆེན་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོ། ཡངས་ཅན་མཁན་པོ། སྐྱེ་རྒུ་དོན་གླིང་དབོན་སྤྲུལ། སོག་པོ་ཐོག་རྒོད་རྒྱལ་པོ། སྡེ་དགེ་ཆོས་རྒྱལ། ལྷུན་གྲུབ་སྟེང་ཤར་ནུབ་ཆོས་རྗེ། མཁས་དབང་བླ་མ་འཇམ་དབྱངས་མཁྱེན་རབ། དབྱར་གནས་མཁན་པོ་སོགས་ཞལ་སློབ་མཐའ་ཡས་པ་ཞིག་མཆིས་ཤིང༌། ད་ལྟ་བསྟན་འགྲོའི་དཔལ་མགོན་དུ་ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་བཞིན་པའོ།།
༈ གདན་རབས་ང་དགུ་པ་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོ་ནི། ངག་དབང་བློ་གྲོས་སྙིང་པོའི་དཔོན་རིགས་སུ་འཁྲུངས། དམ་པ་དེ་ཉིད་ལས་སྡོམ་པ་གསུམ་གསུང་ངག་རིན་པོ་ཆེ་ཚོགས་སློབ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། ཁྲི་ཆེན་འཇིགས་མེད་དབང་རྒྱལ་སོགས་དམ་པ་མང་པོ་ལས་དབང་ཁྲིད་ལུང་སོགས་གསན། དགྱེས་པ་རྡོ་རྗེ་སོགས་བསྙེན་སྒྲུབ་དུ་མར་བགྱིས། ཨེ་ཝྃ་པའི་ཆོས་ཁྲིར་ཕེབས་ནས་སྡོམ་པ་གསུམ་ལམ་འབྲས་སོགས་སྔར་སྲོལ་ཉམས་མེད་མཛད། ཁམས་སུ་བྱོན་ནས་སྡེ་དགེ་ཆོས་རྒྱལ་སོགས་ཆེ་རྒུ་མང་པོའི་མཆོད་གནས་མཛད། ཁྲོམ་རྡོ་དགོན་དུ་ཕུར་པའི་སྒྲུབ་མཆོད་བཙུགས། རྡོ་རྗེ་ཕུར་པ་ཁོ་ནས་འགྲོ་དོན་རྒྱ་ཆེར་མཛད། བཟོ་རིགས་རང་བབས་སུ་མཁྱེན་པ་ལྟ་བུར་མངའ། ད་ལྟ་ཞབས་པད་བརྟན་ཅིང་བསྟན་འགྲོའི་དོན་ཆེན་མཛད་བཞིན་པ་འདིའོ།།
༈ གདན་རབས་དྲུག་ཅུ་པ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་ནི། ཐུབ་བསྟན་ཡངས་ཅན་ཉེ་འདབ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་དབོན་བརྒྱུད། བླ་བྲང་དཀར་པོའི་མཁན་སློབ་དུ་མ་བྱུང་བའི་རིགས་སུ་ཆུ་ཕག་ལོར་སྐུ་བལྟམས།