[A:༥༡༤] ལྷག་པར་ས་སྐྱ་ནས་མར་ཕེབས་སྐབས་དགོངས་ཁྲོལ་ཡང་དག་པར་རང་མ་བྱུང་ཐོག །རྗེས་སུ་ཡང༌། ཕར་མྱུར་དུ་བྱོན་དགོས་གཙང་དབུས་ཁམས་མངའ་རིས་རྒྱ་བོད་སོགས་ཐམས་ཅད་ལ་ཕྲིན་ལས་དང་བསྟན་ཕན་འདིར་ཆེ་གསུངས་ནས་བཀའ་ཤོག་ཡང་ཡང་ཕེབས་པར་བརྟེན། བཀའ་སྲུང་རྣམས་ཀྱི་འཁུ་ལྡོག་འདྲ་ཨེ་ཡིན་དགོངས་ནས་མགོན་ཁང་རྣམས་སུ་བསྐོང་གསོ་བསྐང་བཤགས་དཔག་མེད་དང༌། གཞན་ཡང་སྐུ་རིམ་ཚད་མེད་པ་བསྒྲུབས་ཀྱང་ཕན་པ་ཆེར་མ་བྱུང༌། རྗེ་ཉིད་ཀྱིས་ཞལ་ནས་ངེད་ཤི་ས་དབེན་གནས་ཞིག་ཏུ་དགའ་གསུང་ཞིང་ས་སྐྱོང་ནས་ཀྱང་ཆིབས་ཁ་ནུབ་ཕྱོགས་སུ་བསྐྱོད་ཙམ་བྱས་པས་ཨེ་ཕན་རེ་བ་བཅས། ལོ་གཅིག་ཙམ་རི་ཁྲོད་དྲ་མ་སྒོང་ཞེས་པར་ཕེབས་ནས་བཞུགས། དམ་བཅའ་བརྟན་པའི་སྨོན་ལམ་ལྟར་ཐུགས་དམ་འཕེལ་བར་གྱུར་ཀྱང༌། སླར་ནན་གྱིས་ཞུས་ཏེ་ལྷུན་གྲུབ་སྟེང་དུ་སྤྱན་དྲངས་ནས་བླ་བྲང་དུ་བཞུགས་ཤིང༌། བསྙུང་གཞི་ནི་ཐབས་གང་གིས་ཀྱང་མ་སེལ་བར་གནས་ཁང་དེ་རང་དུ་དགུང་ལོ་ང་བདུན་པ་ཤིང་མོ་བྱ་ལོ། །ཧོར་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ལ། ཞིང་འདིའི་མཛད་པ་རེ་ཞིག་རྫོགས་པའི་ཚུལ་སྟོན་པར་ཉེ་བའི་དུས། བཀྲ་ཤིས་དབང་ཕྱུག་སོགས་སློབ་མ་རྣམས་ཀྱིས་རྗེ་བླ་མ་ཅིས་ཀྱང་མི་བཞུགས་ན་ཞིང་ཁམས་གང་དུ་ཕེབས། བདག་ཅག་བུ་སློབ་རྣམས་གསོལ་བ་གང་དུ་འདེབས་ཞུས་པས། ཁོ་བོས་མ་ཎི་དུང་གཉིས་ལ་ཉེ་བ་སོང་བས་པོ་ཏ་ལར་འགྲོ། །