R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༡༥
[A:༥༡༥]དེར་གསོལ་བ་ཐོབ་ཅེས་གསུངས། །དབུ་པོ་ཏ་ལར་ཕྱོགས་ཤིང་སྟོན་པ་མྱ་ངན་ལས་འདས་པའི་གཟིམས་སྟབས་ཀྱིས་ཞི་བར་གཤེགས་སོ། །སྐུ་གདུང་མཆོད་འབུལ་སོགས་གཙོ་ཆེར་མཁན་ཆེན་བསོད་ནམས་དཔལ་ལྡན་གྱིས་མཛད། གཞན་རྗེས་ཀྱི་བྱ་བ་རྣམས་ཡེ་ཤེས་ཕྲིན་ལས་ལ་སོགས་པ་ཉེ་གནས་རྣམས་དང༌། ས་སྐྱོང་ཆེན་པོ་སོགས་ནས་མངའ་ཞབས་ཀྱི་བླ་མ་དགེ་འདུན་རྣམས་དང༌། གཙང་དབུས་གྲྭ་པ་ཆེ་གྲངས་ཀྱི་མཁན་སློབ་དགེ་འདུན་ལ་འབུལ་ནོད། མང་ཇ་གྲལ་འགྱེད་སོགས་དཔག་མེད་མཛད་འབུལ་སྐྱེལ་རྒྱ་ཆེ་བ་དང༌། ལྷག་པར་གསེར་དངུལ་ལ་རིན་པོ་ཆེའི་ཕྲ་ཚོམས་དུ་མས་སྤྲས་པའི་གདུང་འབུམ་ཐོག་ཚད་དང༌། ཟངས་གསེར་གྱི་སྐུ་བརྙན་ཁྱད་དུ་མཚར་བ་མཆོད་རྫས་རྒྱ་ཆེ་བ་བཅས་ཨེ་ཝཾ་པའི་དངུལ་གདུང་ལྷ་ཁང་དུ་བཞུགས་སུ་གསོལ་ཞིང༌། ཟླ་བ་རེ་བཞིན་ཚེས་བཅོ་བརྒྱད་ལ་དུས་མཆོད་ཀྱི་རྟེན་སྦྱོར་འཇགས་དང༌། དུས་ཇའི་རྟེན་སྒར་འཛིན་གོ་རེ་ལེན་ཡེ་ཤེས་ཕྲིན་ལས་རྗེས་འཛིན་བཅས་པས་གུས་བཞེད་མཛད་དེ། ད་ལྟ་བར་རྒྱུན་མ་ཆད་པ་ཡོད་པ་འདི་ཉིད་དང༌། གཞན་ཡང་ཁམས་ཕྱོགས་སུ་གདུང་འབུམ་ཆེན་མོས་གཙོས་ལྷ་ཁང་སྐུ་བརྙན། དུས་ཐང་དུས་མཆོད་རྒྱུན་ལྡན་ལོ་དུས་ཀྱི་མཆོད་པ་དཀྱིལ་འཁོར་ཆེན་པོའི་སྒྲུབ་མཆོད་སོགས། གཙོ་ཆེར་ས་སྐྱོང་ཡབ་སྲས་དང༌། དད་ལྡན་གྱི་སློབ་མ་ཆེ་བགྲེས། སྦྱིན་བདག་རྣམས་དང་བཅས་སོ་སོའི་བློ་དང་འཚམས་པར་སྟོད་སྨད་ཀྱི་དགོན་གནས་རྣམས་སུ་དཔག་ཏུ་མེད་པ་བཙུགས་པ་སོགས་མདོར་ན་རྗེ་བླ་མ་ཉིད་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཐབས་