R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༡༣
[A:༥༡༣]དབུས་ཁམས་སོགས་ཀྱི་སློབ་མ་སྦྱིན་བདག་མང་པོ་ལ་ལེགས་ཉེས་ལུང་བསྟན་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་གྱུར་པ་དང་གསོན་འདྲེའམ་ཤི་འདྲེ་སོགས་སེམས་ཅན་དང་ཡུལ་ཁམས་ལ་གནོད་པ་ལ་སྙིང་རྗེ་ཆེན་པོའི་སྒོ་ནས་བྱང་ཆོག་ཙམ་གནང་བས་གནོད་པ་ཐ་དག་ཞི་ཞིང་འདྲེ་གདོན་དེ་རྣམས་མིའམ་གནས་འདི་ལྟ་བུ་ཞིག་ཏུ་སྐྱེས་སོང་ཞེས་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་བསྒྲིབས་མེད་དུ་གཟིགས་ཤིང༌། སེམས་ཅན་ལ་འདྲེ་གདོན་བབས་པའི་གནོད་པ་སོགས་ལ་ལྗགས་ཆབ། ལྗགས་གུལ་ལམ། སྲུང་སྐུད་དམ། བཀའ་བསྒོ་ཙམ་གནང་བས་ཀྱང་ཚད་མེད་དུ་ཞི་ཞིང་སླར་འཇུག་མི་ནུས་པ་སོགས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་བརྗོད་ཀྱིས་མི་ལང་ཞིང་སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པ་ཉིད་དོ། །དེ་ལྟ་བུའི་བླ་མ་འཇམ་པའི་དབྱངས་དེ་ཉིད་གདུལ་བྱ་རྟག་འཛིན་ཅན་ལ་དགོངས་པའི་དབང་གི་ཤིང་ཕོ་སྤྲེའུའི་ལོར་བསྙུང་བའི་ཚུལ་བསྟན་ནས། སྨན་དཔྱད་དང་སྐུ་རིམ་སྤངས་དག་སོགས་ཇི་ལྟར་བསྒྲུབས་ཀྱང་སྐྱེད་མ་བྱུང༌། བུ་སློབ་སྦྱིན་བདག་རྣམས་ཀྱིས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་བཞུགས་དགོས་ཚུལ་ལེགས་འབུལ་དཔག་མེད་བཅས་མགྲིན་གཅིག་ཏུ་གསོལ་བ་བཏབ་པས། ལོ་གཅིག་ཙམ་བཞུགས་པར་ཞལ་གྱིས་བཞེས། དེ་ནས་ས་སྐྱོང་ཁུ་དབོན་གྱིས་དགོངས་པར། སྔ་སོར་ས་ངོར་རྩེ་གསུམ་སོགས་གཙང་དབུས་ཀྱི་མཁས་གྲུབ་མང་པོས་ལོ་གསུམ་ནས་ཡར་ཕེབས་དགོས་ཚུལ་དང༌།