R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༡༦
[A:༥༡༦]མཆོག་བླ་ན་མེད་པ་བསྒྲུབས་པ་ལེགས་པར་མཐར་ཕྱིན་པ་ཉིད་དོ། །རྒྱས་པར་རྗེ་རང་གསུང་རྒྱུན་ལྟར། མཁན་ཆེན་ཚུལ་ཁྲིམས་དཔལ་བཟང་གིས་མཛད་པ་སོགས་ལས་ཤེས་པར་བྱའོ། །མངྒ་ལཾ།། །།མཁན་ཆེན་མཚུངས་མེད་ཤེས་བྱ་བཟང་པོ་ནི། ཤབ་སྟོད་རྗེ་ལུང་རྒྱ་མཚོའི་གླིང་དུ། ཡབ་ཨུརྱན་ཞེས་པ་དང༌། ཡུམ་བྲང་ཏི་པའི་དཔོན་རིགས་དཔལ་འཛོམ་ཞེས་པ་གཉིས་ཀྱི་སྲས་སུ་གླང་གི་ལོར་སྐུ་འཁྲུངས། སྐུ་ན་ཆུང་ངུ་ནས་སྐུ་ཞང་མཁན་ཆེན་ཤེས་རབ་རྒྱ་མཚོས་ཐར་རྩེར་བླངས་ཏེ་ཡིག་ཀློག་སོགས་ཅི་རིགས་པ་བསླབས། རིམ་གྱིས་ངོར་པའི་ཆོས་སྤྱོད་ཆོ་གའི་རིམ་པ་ནས་བརྩམས། གཞུང་དོན་བཞི་སོགས་བསླབས་སྦྱངས་མཐར་ཕྱིན་པར་མཛད་དེ། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་དང༌། སློབ་དཔོན་ཡེ་ཤེས་བཟང་པོ་སོགས་ལས་བསླབས་ཚིག་རྣམས་རིམ་ཀྱིས་ནོས། །མཁན་ཆེན་ལྷུན་གྲུབ་དཔལ་ལྡན་དང༌། མཁས་གྲུབ་སངས་རྒྱས་ཕུན་ཚོགས་སོགས་ལས་དམ་པའི་ཆོས་མཐའ་ཡས་པར་གསན། བསྙེན་སྒྲུབ་མཐར་ཕྱིན་པར་མཛད་དེ། ཕག་ལོར་མདོ་ཁམས་རྒ་སྟོད་དུ་འབུལ་སྡུད་ལ་བྱོན་ཞིང༌། ཡར་བྱོན་ནས་ཕག་གི་ལོར་ངོར་གྱི་གདན་སར་འཁོད། ཨེ་ཝཾ་པའི་བསྟན་པར་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་པར་མཛད། གསུང་ངག་ལམ་འབྲས་གཙོས་ཟབ་ཅིང་རྒྱ་ཆེའི་ཆོས་ཆར་ཕབ་ནས། གསེར་རྔ་ཉི་ཤུ་རྩ་ལྔ་སོགས་དང༌། དགེ་འདུན་ལ་བསྙེན་བཀུར་དཔག་མེད་གནང་བ་ནི་དཔལ་འབྱོར་རྣམ་ཐོས་ཀྱི་བུ་ལ་འགྲན་པ་བྱུང་ཞེས་དེང་སང་ཡང་ཆེ་