[A:༥༡༨]མ་སྒར་གདངས་སུ་མཛད་པས། རྗེ་འདི་གསུང་བཟང་ཞིང་སྤོབས་པ་དང་གོ་ཤེད་ཆེ་བ་སོགས་ཡོན་ཏན་ཐུགས་ཤིན་ཏུ་མཉེས་ཏེ་ལུགས་གཉིས་ཀྱི་སྒོ་ནས་མིག་འབྲས་ལྟར་གཅེས་པར་སྐྱོང༌། བཅོ་བརྒྱད་པ་ཨདྒི་ར་ཞེས་པ་ཆུ་ཕོ་སྤྲེའུ་ལོར། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་ཀྱིས་མཁན་པོ་མཛད་ནས་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབས། དགུང་ལོ་ཉི་ཤུ་པ་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོ་ནག་པ་ཟླ་བའི་ཚེས་བཅྭོ་ལྔའི་ཉིན་ཤར་ཆེན་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་བཟང་པོས་མཁན་པོ་དང༌། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་ལས་ཀྱི་སློབ་དཔོན། གར་དབང་བསོད་ནམས་ལྷུན་འགྲུབ་གསང་སྟོན་པ། མུས་ཆེན་ཆོས་རྗེ་ཀུན་དགའ་རྒྱ་མཚོས་དུས་བགོ་བ་སྟེ་དགེ་འདུན་གྲངས་ཚང་བའི་དབུས་བསྙེན་པར་རྫོགས་ཤིང༌། སོ་ཐར་གྱི་སྡོམ་པ་མིག་འབྲས་ལྟར་གཅེས་པར་བསྲུང༌། སྔོན་དུ་གྲྭ་སར་ཕེབས་ནས་བཟུང་བཤེས་གཉེན་སངས་རྒྱས་དཔལ་ལྡན་སོགས་དམ་པ་རྣམས་ལ་ཉེ་བར་བསྟེན་ནས། ཨེ་ཝཾ་པའི་ཚོགས་འདོན་སྒྲིག་ལམ་ཀུན་སྤྱོད། དབྱར་ཆོག་རྒྱུད་འདོན་བཞི་སོགས་དང༌། གདངས་དབྱངས་རོལ་མོ་ཐིག་རྡུལ་ཚོན་བཅས་ལག་ལེན་ཕྲ་མོ་ཚུན་དཔྱིས་ཕྱིན་པར་སྦྱངས། གཞན་ཡང་ཀུན་ཏུ་དགོས་པའི་གཞུང་བདུན། དག་ལྡན། དགོངས་རྒྱན། དགོངས་གསལ། སྣང་རྒྱུད་སོགས་རྒྱུད་ཆེན་མང་པོ་དང་ཐེག་པ་ཆེ་ཆུང་གི་གཞུང་ཕལ་ཆེར་ཐུགས་ལ་ཆུད་པར་མཛད་པས་མཁས་པ་ཆེན་པོར་གྲགས་སོ། །ཐ་སྙད་རིག་པ་ཡང་མུས་ཆེན་ཀུན་དགའ་རྒྱ་མཚོའི་དྲུང་དུ་སྙན་ངག་