[A:༥༡༧]བགྲེས་རྣམས་གླེང་ངོ༌། །རྟ་ལོར་བླ་བྲང་ཉིད་དུ་ཞི་བར་གཤེགས་ཤིང༌། སྐུ་གདུང་ཞུགས་འབུལ་སོགས་མཁན་ཆེན་ཚུལ་ཁྲིམས་དཔལ་བཟང་གིས་མཛད། རྗེས་ཀྱི་བྱ་བ་རྣམས་ཕྱག་མཛོད་དཔལ་ལྡན་ལྷུན་གྲུབ་པས་ལམ་འབྲས་སུ་ཁ་སྐོང་སྐུ་བརྙན་བཞེངས་པ། བླ་མ་དགེ་འདུན་ཕྱོགས་རིས་སུ་མ་ཆད་པ་ལ་མང་འགྱེད་སོགས་དང༌། དངོས་རྫས་གཞན་རྣམས་བླ་བྲང་དུ་སྦྱོར་འཇགས་བཅས་དགོངས་པ་རྫོགས་པའི་ཐབས་བླ་ན་མེད་པར་བསྒྲུབས་སོ།། །།མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་བི་རུ་པ་དང་གཉིས་སུ་མེད་པའི་བདག་ཅག་གི་མགོན་པོ་ཚུལ་ཁྲིམས་དཔལ་བཟང་པོ་དེ་ཉིད་ནི་དཔལ་འབྱོར་དུ་མའི་འབྱུང་གནས་ཤར་མི་ཉག་རབ་སྒང་ཞེས་པར་རུས་ཀྱང་མི་ཉག་སྟེ། ཡབ་བཀྲ་ཤིས་དགའ་ཞེས་པ་དང༌། ཡུམ་ཨ་སྐྱིད་ཅེས་པ་གཉིས་ཀྱི་སྲས་སུ་དགེ་མཚན་དུ་མ་དང་བཅས་སྟེ་སྐུ་བལྟམས། ཁུ་བོ་དགེ་བཤེས་བཟང་པོ་ཞིག་ཡོད་པ་དེས་མཚན་དཀའ་ཐུབ་རྒྱལ་དུ་གསོལ། ཡབ་ཡུམ་གྱིས་བསྐྱེད་བསྲིངས་ནས་ཆེར་ཕེབས་པ་དང་ཁུ་བོ་ཉིད་ཀྱིས་ཡིག་ཀློག་སོགས་བསླབས་པས་ཚེགས་མེད་དུ་མཁྱེན། ཆུང་ངུ་ནས་འཁོར་བ་ལ་ངེས་འབྱུང་དང་ལྷག་པར་སྔོན་གྱི་བག་ཆགས་སད་པས་ངོར་དགོན་ལ་ཕེབ་བཞེད་སྐོམ་པ་ཆུ་འདོད་པ་ལྟར་གདུངས་པའི་དབང་གིས་དགུང་ལོ་བཅུ་བདུན་པ་ལ་ངོར་དུ་ཕེབས། དེའི་ཚེ་རྡོ་གྲགས་སྒར་ནས་བདག་ཆེན་ཤར་པ་ལ་མགོ་འདྲེན་དགོས་པའི་ཡི་གེ་རྟེན་བཅས་ཕུལ་བ་ལྟར། ཨེ་ཝཾ་ཀླུ་སྡིངས་དུ་ཤར་པ་ཡེ་ཤེས་བཟང་པོའི་ཞལ་མཇལ་བས་མཚན་ཚུལ་ཁྲིམས་དཔལ་བཟང་པོ་གསོལ་ནས། དེར་ཇ་མཆོད་ལ་ཐོས་པ་རྒྱ་མཚོ་