[A:༥༡༩]སོགས་རིག་གནས་མང་པོ་མཐར་ཕྱིན་པར་མཛད་གཞན་ཡང་རྡོ་རྗེ་འཆང་སངས་རྒྱས་ཕུན་ཚོགས་སོགས་མཁས་གྲུབ་དཔག་ཏུ་མེད་པར་བརྟེན་ཏེ་དབང་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བ་གསན། ཡི་དམ་ཆོས་སྐྱོང་གི་བསྙེན་སྒྲུབ་མང་པོ་མཐར་ཕྱིན་པར་མཛད། ཉེར་གཉིས་པ་མེ་བྱི་ལོར། ས་སྐྱ་སོགས་གཙང་ཕྱོགས་ཀྱི་གནས་ཆེན་རྣམས་མཇལ་བ་ནས་བཟུང་སྔ་ཕྱིར། ལྷ་ས། བསམ་ཡས་སོགས་དབུས་གཙང་གི་གནས་ཆེན་རྣམས་ལ་ཞབས་བསྐོར་དང་མཆོད་འབུལ་རྒྱ་ཆེར་མཛད། ཉེར་གསུམ་པ་དབང་ཕྱུག་ཅེས་པ་མེ་གླང་ལོར་ཨེ་ཝཾ་ཆོས་ལྡན་གྱི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ནས་ཨེ་ཝྃ་པའི་སྒྲིག་ལམ་ཀུན་སྤྱོད་རྣམ་པར་དག་པའི་སྒོ་ནས་བསྟན་པ་ཤིན་ཏུ་ཡར་འཕེལ་དུ་མཛད། ཉེར་དགུ་པ་ཆུ་མོ་ལུག་གི་ལོར། གདན་ས་གོང་སོགས་ཀྱི་བཀའ་ཕེབས་དང༌། འདི་ཁའི་བླ་བྲང་ཁག་དང༌། གྲྭ་ཚང་རྣམས་ཀྱིས་གསོལ་བ་བཏབ་པར་བརྟེན་མཚུངས་མེད་ཤེས་བྱ་བཟང་པོའི་རྒྱལ་ཚབ་ཏུ་ཆོས་ཀྱི་ཁྲི་ཆེན་པོ་ཕེབས་ཏེ། ལམ་འབྲས་ཚར་དགུས་གཙོས་ཟབ་ཁྲིད། དབང་ལུང་མན་ངག་དཔག་མེད་དང༌། ཁྱད་པར་གཙུག་ལག་ཁང་ཆེན་པོར་དགེ་བའི་བཤེས་གཉེན་སུམ་བརྒྱ་ལོངས་པ་ལ། གྲུབ་པའི་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀཱ་རའི་ཞལ་སྔ་ནས་བཀྲལ་བའི་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་བསྐུར་བཀའ་དྲིན་སྩལ་བ་སོགས་སྐལ་ལྡན་གྱི་སློབ་མ་རྣམས་ཟབ་ཆོས་དཔག་མེད་ཀྱིས་ཚིམ་པར་མཛད་པས་བསྟན་པའི་སྲོག་ཤིང་ཆེན་པོར་གྱུར་ཏོ། །བརྒྱུད་འཛིན་གྱི་སློབ་མ་