R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༢༣
[A:༥༢༣]འདྲེན་མཛད་ཅིང༌། སྐབས་ཞིག་རྗེ་བུདྡྷ་བ་ཚོགས་དབུས་ལ་བཞུགས། སྡེ་དགེའི་གྲྭ་ཚང་རྣམས་དང་རྗེ་འདི་ཉིད་བཅས་བསྐང་གསོ་གནང་བའི་བསྐང་བཤགས་བཟླས་པའི་དུས། མཁན་ཆེན་གྱིས་རྗེ་འདི་པ་ལ་སྤྱན་ཆེར་གཟིགས་ཏེ། སྣང་རྒྱུད་བརྗེད་མ་འཇུག་ཨ་ཙ་རའི་བརྡ་ནམ་ཡང་མི་ཤེས་གསུངས། ཡང་སྐབས་ཞིག་དཔལ་མགོན་ཞལ་གྱི་རྗེས་གནང་མཛད་དུས། ཞལ་གྱི་བྲིས་ཐང་རྗེ་འདི་པའི་སྐུ་ལ་ལྷུང་བས་རྗེ་བླ་མའི་ཞལ་ནས། སྔོན་དུའང་ལབས་ཡོད་པས་དེ་ཡང་ཨ་ཙ་རའི་བརྡ་ཡིན་ལས་ཆེ་གསུངས་པ་སོགས། མ་འོངས་པ་ན་ཨེ་ཝྃ་པའི་བསྟན་འཛིན་ཆེན་པོ་ཡོང་བར་ལུང་བསྟན་ཡང་ཡང་མཛད་པ་སོགས་ལ་བརྟེན་ཕྲིན་ལས་ཀྱང་ཡར་འཕེལ་དུ་གྱུར་ཞིང༌། སྡེ་དགེ་ནས་ཀྱང་བསྙེན་བཀུར་བདག་རྐྱེན་ཅི་རིགས་པར་གནང༌། གྲྭ་ཚང་གི་བླ་མར་བཀོད་ནས་འབུལ་ནོད་སོགས་ཀྱང་རྒྱ་ཆེར་ཕུལ། རྡོ་རྗེ་འཆང་སངས་རྒྱས་ཕུན་ཚོགས་ཞི་བར་གཤེགས་པས་སྐུ་གདུང་ཞུགས་འབུལ་སོགས་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཐབས་རྣམས་ཡང་དག་པར་བསྒྲུབས། འབུལ་སྐྱེལ་ཀྱང་རིམ་པས་གྲུབ་ནས་གླང་ལོར། ཤྲཱི་ཨེ་ཝྃ་ཆོས་ལྡན་དུ་ཕེབས། འབུལ་བ་བསྙེན་བཀུར་སོགས་རྒྱ་ཆེར་མཛད། རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་ལོར་ངོར་བླ་བྲང༌། ཟུར་བཞི་འདུས་ཚོགས་དང༌། གཙོ་ཆེར་གཞུང་ས་ཆེན་པོ། གདན་ས་གོང་སོགས་ནས་ཀྱང་བཀའ་རྒྱ་ཕེབས་པར་བརྟེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང་པོའི་རྒྱལ་ཚབ་ཏུ་མངའ་གསོལ། གསུང་ངག་ལམ་འབྲས་རྒྱས་པ་དང་རྒྱུད་སྡེ་མཐའ་དག་གི་སྨིན་བྱེད་ཀྱི་