[A:༥༢༢]ལྷུན་གྲུབ་དཔལ་ལྡན་ལ་གཙུག་ཕུད་ཕུལ་ནས་མཚན་བསོད་ནམས་དཔལ་ལྡན་དུ་གསོལ། བཞི་སྡེའི་དགེ་སློང་སྦས་པའི་རྣལ་འབྱོར་ཀུན་བཟང་ལྷུན་གྲུབ་སོགས་མཁས་བཙུན་གྱི་བཤེས་གཉེན་མང་པོ་བསྟེན་ནས་ཡིག་ཀློག་ཆོས་སྤྱོད་ཀྱི་རིམ་པ་རྣམས་དང༌། གཞུང་ལུགས་དུ་མ་ཐོས་བསམ་གྱིས་སྒོ་ནས་སྒྲོ་འདོགས་ལེགས་པར་བཅད་པས་རྨད་དུ་བྱུང་བའི་མཁས་པར་གྲགས། གཞན་ཡང་འཇམ་མགོན་ལྷུན་གྲུབ་དཔལ་ལྡན། ཤར་ཆེན་ཡེ་ཤེས་བཟང་པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཤར་ཆེན་སངས་རྒྱས་བསྟན་འཛིན། བྱམས་པ་ཚུལ་ཁྲིམས་དཔལ་བཟང་པོ་སོགས་ཡོངས་འཛིན་དུ་མའི་ཞབས་པད་གཙུག་གིས་བླངས་ནས། སོ་སོ་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད། གསུང་ངག་ལམ་འབྲས་ཀྱིས་གཙོས་པའི་རྡོ་རྗེ་ཐེག་པའི་དབང་ཁྲིད། ལུང་མན་ངག་ཕྲ་མོ་ཚུན་ཆད་ཀྱང་དཔག་ཏུ་མེད་པ་གསན་ཞིང༌། དམ་ཚིག་དང་སྡོམ་པ་རྣམས་སྐུ་སྲོག་ལས་གཅེས་པར་བསྲུངས། དགེས་པ་རྡོ་རྗེ་སོགས་ཡི་དམ་ཆོས་སྐྱོང་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། དགུང་ལོ་ཉེར་གཅིག་པར་ཨེ་ཝྃ་གདན་ས་པས་བཀའ་དང་ལེན་གྱི་སྒོ་ནས་སྡེ་དགེ་ལྕགས་ར་ཟིལ་གནོན་སྒར་དུ་ཀར་མེ་དུས་བསྟན་གྱི་སྒར་འཛིན་ལ་ཕེབས། དེ་སྐབས་གདུལ་བྱ་བློ་དམན་པས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆ་མ་རྟོགས་པའི་དབང་གིས་རེ་ཞིག་ཕྲིན་ལས་རྒྱ་ཆེ་བ་རང་མ་བྱུང་ཀྱང༌། འོན་ཀྱང་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་ཀྱིས་ལུགས་གཉིས་ཀྱི་སྒོ་ནས་མགོ་